KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་གསུང་ཆོས་ཐུན་གཉིས་པ།

ཕྱི་ལོ་༢༠༡༧ ཟླ་བ་༢ ཚེས་༩ ཉིན་ཆོས་ཐུན་གཉིས་པ་གུང་ཡོལ་ཕྱག་ཚོད་གཉིས་པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་སྩལ་དོན་དུ།

ད་ནང་ཞོགས་པ་བླ་མའི་རྣལ་འབྱོར་གྱི་འཕྲོས་ནས་ཞུ་ན། དེ་མ་ཞུས་གོང་གསལ་བཤད་ཅིག་ཞུ་ན། སྤྱིར་བཏང་ཐུན་བཞི་བླ་མའི་རྣལ་འབྱོར་དང་སྔོན་འགྲོ་འབུམ་བཞིའི་སྐབས་ཀྱི་བླ་མའི་རྣལ་འབྱོར་གཉིས་ལ་ཁྱད་པར་ཡོད། བླ་མའི་རྣལ་འབྱོར་ཡིན་པ་མཚུངས་ཀྱང་ཀཾ་ཚང་ནང་ལ་བླ་མའི་རྣལ་འབྱོར་དུ་མ་ཡོད་ཀྱང་ཐུན་བཞི་བླ་མའི་རྣལ་འབྱོར་ཁྱད་པར་དུ་འཕགས་པ་ཡིན། དེ་རྗེས་མ་ཞུ་རྒྱུ་ཡིན། འོན་ཀྱང་དབང་དངོས་གཞིའི་སྐབས་ཆོས་བརྒྱུད་ཁག་གི་མི་སྣ་མང་པོ་ཕེབས་ཡོད་ཅིང་། དེ་ཐམས་ཅད་ཀྱང་རང་རང་ལུགས་ཀྱི་བླ་མའི་རྣལ་འབྱོར་རྒྱས་འབྲིང་ཇི་ལྟར་ཡོད་པ་ཡིན་ཀྱང་དེ་ཉིད་སྒོམ་ན་ལེགས། དེ་དག་སྒོམ་དགོས་པའི་རྒྱུ་མཚན་ནི། འཁོར་ལོ་སྡོམ་པའི་དབང་ཞུས་པ་གཅིག་པུས་མི་ཆོག་པར། དེ་དག་ཀུན་གཞིའི་སྟེང་དུ་འཇོག་པའི་བག་ཆགས་ཀྱི་ས་བོན་ཞིག་བཞག་པ་ཡིན། དེ་དག་གི་འབྲས་བུ་བཟང་པོ་བྱུང་བའི་ཕྱིར་དུ་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་ཡིན་ཡང་སྒོམ་དགོས་པ་ཡིན། དེའི་རྗེས་ལ་སྐབས་སུ་བབ་པ་ངེས་དོན་སྒྲོན་མེའི་ནང་གསུངས་པ་བཞིན་ཞུ་ན། དེ་ནི་ཀཾ་ཚང་ལུགས་ཀྱི་བླ་མའི་རྣལ་འབྱོར་ཡིན། སྒོམ་ཚུལ་ནི། རང་གི་སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁར་ཞལ་རང་ཉིད་ལ་ཕྱོགས་པ་སེང་གེ་བརྒྱད་ཀྱིས་བཏེག་པའི་ཁྲིའི་སྟེང་པད་ཟླའི་གདན་གྱི་སྟེང་དུ་བླ་མ་རྡོ་རྗེ་འཆང་དེ་ཉིད། ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་སངས་རྒྱས་རྡོ་རྗེ་འཆང་རྒྱན་ཆ་ལུགས་ཀྱིས་བརྒྱན་པ་བཞུགས་པ་ཞིག་སྒོམ་དགོས། བླ་མ་དེ་གང་ཟག་དཀྱུས་མ་ལྟ་བུ་མིན་པར་སངས་རྒྱས་ཀྱི་རྣམ་པར་སྒོམ་དགོས། དེ་ལྟར་སྒོམ་དགོས་པའི་རྒྱུ་མཚན་ནི། བླ་མ་སངས་རྒྱས་སུ་དྲན་པའི་ཕྱིར་དུ་ཡིན། འོ་ན་སངས་རྒྱས་ཞེས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། མི་མང་པོ་ཞིག་གི་བསམ་བློའི་ནང་ལམ་སེང་སངས་རྒྱས་ཀྱི་སྐུ་འདྲ་ལྟ་བུ་ཞིག་བློ་ལ་འཁོར་གྱི་ཡོད། སྤྱིར་སངས་རྒྱས་ནི་ཕྱི་ལོའི་སྔོན་གྱི་དུས་རབས་ལྔ་པ་ཙམ་གྱི་སྔོན་དུ་ཕེབས་ཡོད། ད་ལྟ་སངས་རྒྱས་ཀྱི་སྐུ་འདྲ་རྙིང་ཤོས་དང་སངས་རྒྱས་བྱོན་པའི་བར་ལོ་ངོ་ལྔ་བརྒྱ་དྲུག་བརྒྱ་ཙམ་ཁྱད་པར་ཡོད། དངོས་འབྲེལ་བཤད་ན་སངས་རྒྱས་ཅེས་པ་ཇི་འདྲ་ཞིག་ཡོད་མེད་ཚོད་དཔག་བྱེད་དཀའ་བ་ཡིན། གལ་ཏེ་ང་ཚོ་སངས་རྒྱས་བཞུགས་པའི་སྐབས་སུ་ཡོད་པ་ཡིན་ཚེ་ཕལ་ཆེར་སངས་རྒྱས་ངོ་ཤེས་རྒྱུ་ཁག་པོ་ཡོད། དཔེར་ན། ལོ་རྒྱུས་ཤིག་ཞུ་ན། སངས་རྒྱས་ཆུ་བོ་ནཻརྫྙཎའི་འགྲམ་དུ་ལོ་དྲུག་གི་རིང་དཀའ་བ་སྤྱད་པའི་རྗེས་སུ་བུ་མོ་ལེགས་སྐྱེས་མས་འོ་ཐུག་ཕུལ་བའི་ཚེ་ན་སངས་རྒྱས་ཇི་བཞིན་ངོ་མ་ཤེས་པར་ཤིང་གི་ལྷ་ཞིག་ལ་ཕུལ་བའི་གནས་ཚུལ་ཡོད། ཁོོང་གིས་ལོ་དྲུག་རིང་དཀའ་བ་སྤྱད་པ་ལ་བརྟེན་ནས་སྐུ་ཤ་མ་ལུས་སྐམ་ནས་ཤིང་གི་མདོག་ལྟར་གྱུར་པས་ཤིང་གི་ལྷ་རུ་མཐོང་བས་བྲམ་ཟེའི་བོ་མོ་ལེགས་སྐྱེས་ཉིད་ཀྱང་འཁྲུལ་པ་ཡིན། ཐོ་རངས་བྱང་ཆུབ་ལྗོན་ཤིང་གི་འོག་ཏུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ་འཇམ་ཐིང་ཐིང་ཞིག་གི་ངང་ནས་སངས་རྒྱས་པ་རེད་མ་གཏོགས་འུར་འུར་ཟིང་ཟིང་གི་ངང་ནས་སངས་རྒྱས་པ་མིན། རྒྱ་གར་དུ་ཤིང་སྡོང་འོག་ཏུ་སྡོད་མཁན་མི་དུ་མ་ཞིག་ཡོད། དེས་ན་ད་ལྟ་འདིར་འཛོམས་པའི་མི་ཀུན་སྐབས་དེེ་དུས་ཡོད་པ་ཡིན་ན་ཤེས་དཀའ་བ་ཡིན། སངས་རྒྱས་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བཤད་སྐབས་སེམས་ནང་འཆར་ཁག་པོ་ཡོད། བླ་མ་སངས་རྒྱས་སུ་སྒོམ་ཞེས་པ་དེ་བླ་མ་དེ་ཉིད་སངས་རྒྱས་སུ་སྒོམ་རྒྱུ་དེ་ཡིན། བླ་མ་དང་སངས་རྒྱས་གཉིས་ཐ་དད་མེད་པར་སྒོམ་པ་དེ་བླ་མ་དང་སངས་རྒྱས་གཉིས་ཐག་ཇི་ཉེར་འགྲོ་བའི་སླད་དུ་བླ་མ་སངས་རྒྱས་སུ་སྒོམ་པ་ཡིན། བླ་མ་རྡོ་རྗེ་འཆང་གི་སྟེང་དུ་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ཆེན་ནས་རང་གི་རྩ་བའི་བླ་མའི་བར་དུ་ཐོག་བརྩེགས་ཀྱི་ཚུལ་དུ་སྒོམ། དེའི་མཐའ་སྐོར་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱིི་བླ་བརྒྱུད་རྣམས་སྤྲིན་འཁྲིགས་པ་ལྟར་སྒོམ་དགོས། དེ་བཞིན་སངས་རྒྱས་བྱང་སེམས་ཡི་དམ་རྣམས་ཀྱིས་བསྐོར་བ་སྒོམ། དེ་ལྟར་མ་ནུས་ན་བླ་མ་ཁོ་རང་ལ་དམིགས་ནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོོར་སྒོམ་དགོས། དེའི་སྐབས་བླ་མ་དཀོན་མཆོག་ཀུན་འདུས་སུ་སྒོམ་པ་ནི་ཤིན་ཏུ་གལ་གནད་ཆེན་པོར་མཐོང། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། དེང་སང་ཆོས་པ་འགའ་ཞིག་གིས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མའི་མཆོད་པ་བརྩོན་པར་བྱ། །དེའི་འགྲེལ་བཤད་ཕལ་སྐད་ཀྱིས་སྒོ་ནས་བཤད་ན། བླ་མའི་མཆོད་པ་མ་གཏོགས་གཞན་མ་བྱེད་ཅེས་པ་ལྟ་བུ་ཡོད། དེ་ལྟའི་སྒོ་ནས་ཡི་དམ་དང་བླ་མ་ཐ་དད་དུ་ཕྱེ། ཡི་དམ་ཟུར་དུ་བཞག སངས་རྒྱས་ཟུར་དུ་བཞག བྱང་སེམས་ཟུར་དུ་ཕྱེ་ནས་བླ་མ་ཟེར་བ་དེ་འོད་མདངས་འཚེར་བ་ལྟ་བུ་སྒོམ་པ་ནི་རང་གི་རྣམ་རྟོག་དང་འདྲེས་ནས་སྒོམ་པ་ཡིན།

མཆོད་པ་ལ་སེམས་ཅན་གྱི་སྲོག་བཅད་ཅིང་ཤ་དང་ཆང་གི་མཆོད་པ་འབུལ། ལུང་དོན་དེ་ལྟར་མིན། ལུང་གི་དོན་ནི། འཁོར་ལོ་སྡོམ་པ་སོགས་ཡི་དམ་ཉིད་བླ་མའི་ངོ་བོར་སྒོམ་དགོས་པའི་དོན་ཡིན། བླ་མ་དང་ངོ་བོ་ཐ་དད་མེད་པར་སངས་རྒྱས་དང་། བྱང་སེམས་ཡི་དམ་རྣམས་ངོ་བོ་གཅིག་ཏུ་སྒོམ་པ་ནི་བླ་མའི་རྣལ་འབྱོར་སྒོམ་པ་ཡིན། ངོ་བོ་ཐ་དད་མེད་པ་དེ་དག་ལ་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་འདེབས་དགོས། དངོས་སུ་བཞུགས་པའི་མོས་པ་བྱས་ནས་ཡན་ལག་བདུན་པའི་སྒོ་ནས་ཚོགས་བསགས་དགོས། དེ་ནས་རྡོར་ཏིལ་མ་འདོན་ཡང་རུང་། དུས་གསུམ་མཁྱེན་པས་མཛད་པའི་བླ་མའི་རྣལ་འབྱོར་འདོན་ཡང་ཆོག་པ་ཡིན།

དེ་ཡང་འབྲུག་པ་ཀུན་ལེགས་ཀྱིས་ཇི་སྐད་དུ། དེང་སང་གི་ཆོས་པ་ཚོས་བླ་མ་ལ་གསོལ་བ་འདེབས་པ་ཡིན་ཟེར་ནས་རང་ཉིད་ལ་སྨོད་པ་ཤ་སྟག་བྱེད་པ་དང་། རང་ཉིད་ལ་སྐྱོབ་རོགས་ཞེས་སྡུག་སྐད་ཁོ་ན་འདོན་པ་ནི་གསོལ་འདེབས་མཚན་ཉིད་པ་མིན། འོ་ན་མོས་གུས་དང་ཕྱག་ཆེན་ཟུང་དུ་འབྲེལ་བའི་སྒོ་ནས་སྒོམ་པ་འདི་གནད་གལ་ཆེ་བ་མ་གཏོགས་རང་ཉིད་ལ་སྨད་ཅིང་གདུང་ཤུགས་འབོད་པ་འདི་གནད་ཆེ་བར་མ་མཐོང་གསུངས།

མདོར་ན་ཐུན་བཞི་བླ་མའི་རྣལ་འབྱོར་ཟེར་བ་འདི་སྔ་དྲོ་ཐུན་གཉིས་དང་ཕྱི་དྲོ་ཐུན་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་ཞིང་ཐུན་ཚོད་ལས་མ་ཉམས་པར་ཉམས་སུ་ལེན་དགོས་པ་གནད་ཆེ་བ་ཡིན་ཞེས་བཀའ་སྩལ། བསམ་གཏན་མཐར་ཕྱིན་ནས་ཕབ།

ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་གསུང་ཆོས་ཐུན་དང་པོ།

ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༩ ཉིན་སྔ་དྲོའི་ཆོས་ཐུན་དུ། དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་དེ་རིང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བཞི་པའི་སྔོན་འགྲོའི་གསུང་ཆོས་བཤད་པའི་དུས་ལ་བབ་ཡོད། ཁ་རྩང་གོང་དུ་ཞུས་པ་བཞིན་ཕྱག་ཆེན་ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་ཁྲིད་བྱ་རྒྱུ་ཡིན། ད་ལོ་མཐའ་མར་གྱུར་ཡོད། ཐུན་བཞི་བླ་མའི་རྣལ་འབྱོར་དེ་སྐད་ཡིག་བཅུ་ཡི་ནང་བསྒྱུར་ཡོད། ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཡིག་ཆ་ཕྱོགས་སྒྲིག་ཀྱང་བྱས་ཡོད། འགའ་ཤས་དེབ་ནང་སྤར་ཡོད་ལ་(website)(ཝེབ་སེབ་)ནང་འཕྲུལ་དེབ་བཟོས་ནས་བཞག་ཡོད། དེའི་དྲ་ཚིག་དེ་ཁྱེད་ཚོ་ཚང་མར་ཁྱབ་བསྒྲགས་བྱ་རྒྱུ་ཡིན། དྲ་ཚིག་གསར་པ་དམ་ཆོས་འཕྲུལ་དེབ་(Dharma eBooks)ཟེར་བའི་དྲ་ཚིགས་ཤིག་ཡོད། དེའི་ནང་བོད་ཀྱི་བཀའ་བསྟན་འགྱུར་གཙོ་བོར་བྱས་པའི་གཞུང་ལུགས་དུ་མ་ཡོད། དེ་ཡང་བོད་སྐད་གཅིག་པུ་མ་ཡིན་པར་དབྱིན་ཡིག་དང་རྒྱ་ཡིག་སོགས་ཡིག་རིགས་མང་པོའི་ཐོག་ཏུ་ཡོད་པས་ཁྱེད་ཚོར་ཐུགས་ཕན་སོས་པའི་རེ་བ་ཡོད། འཁོར་ལོ་བདེ་མཆོག་གི་དབང་ཐོབ་ཚད་ལ་ཐུན་བཞི་བླ་མའི་རྣལ་འབྱོར་མ་ཆད་པར་ཉམས་ལེན་བྱ་དགོས་པ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད། མི་མང་པོ་ཞིག་གིས་དེ་ཉམས་ལེན་རྒྱུན་མ་ཆད་པར་བྱ་ཐུབ་མིན་ལ་དོ་སྣང་བགྱིད་མཁན་མང་པོ་འདུག་པས་ཧ་ཅང་ཡག་པོ་རེད། སྤྱིར་བཏང་ཡི་དམ་ལྷ་ཡི་དབང་ཞུས་ན་བླ་མའི་རྣལ་འབྱོར་གྱི་བསྙེན་སྒྲུབ་ཉམས་ལེན་བྱེད་དགོས་ཀྱང་། ཡི་དམ་ལྷ་ཡི་དབང་ཞུ་རྒྱུ་མང་དུས་ཚང་མ་ཉམས་ལེན་བྱ་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་ཅི་ཐུབ་ཐུབ་ཅིག་བླ་མའི་རྣལ་འབྱོར་ལ་བརྩོན་དགོས། ལྷག་པར་དུ་ཀཾ་ཚང་ལྟ་བུ་ལ་བླ་མའི་རྣལ་འབྱོར་ཤིན་ཏུ་གལ་ཆེ། ད་རེས་ཀཾ་ཚང་གཅིག་པུ་མ་ཡིན་པར་མི་མང་པོ་ཕེབས་ཡོད་པས་དེ་དག་ཐམས་ཅད་ཀྱིས་སོ་སོའི་བླ་མའི་རྣལ་འབྱོར་ལ་བརྩོན་དགོས་པ་དེ་གལ་ཆེན་པོ་རེད། གཙོ་བོ་དེ་དབང་ཐོབ་པ་ཙམ་གྱིས་མི་འགྲིག་པར་སོ་སོས་ཉམས་སུ་ལེན་ཆོག་བྱས་ཏེ་དབང་བསྐུར་ཡོད་པ་ཡིན་དུས་འཇོན་ནུས་གང་ཡོད་ལ་བསྟུན་ནས་ཉམས་སུ་ལེན་པར་བྱ་དགོས། ཐུན་བཞི་བླ་མའི་རྣལ་འབྱོར་ཇི་ཙམ་ཡོད་དམ་ཅི་འདྲ་ཡོད་དམ་སྙམ་ནས་དྲི་བ་སླེབ་ཀྱི་རེད། ལྷག་པར་དུ་ཕྱི་རྒྱལ་ལ་སྡོད་མཁན་ཚོར་ཕྱག་ལས་མང་པོ་ཡོད་པས་དེའི་ཐོག་ཏུ་བླ་མའི་རྣལ་འབྱོར་མ་ཆད་པ་བྱ་དགོས་རེད་བརྗོད་དུས་འགན་ཆེན་པོ་འགེལ་བ་ལྟ་བུ་ཚོར་སྲིད། མ་གཞི་ཐུན་བཞི་བསྡུས་པ་ཞིག་ཡོད་དེ། དེ་ཉིད་ཀུན་ལ་སློབ་ཚེ་ཚང་མས་དེ་ཉམས་ལེན་བྱས་ཏེ་རྒྱས་པ་དེ་བཞིན་ལྷག་ཉེན་ཆེ་བས་བསླབ་རྒྱུ་མིན། ཁྱེད་རང་ཚོར་ལྷག་པའི་ལྷའི་སྒོམ་བཟླས་མང་པོ་ཡོད་ཚེ་འགའ་ཤས་བསྡུས་ཆོག་པས་སྒོ་གཅིག་ལ་ཞེན་དགོས་པ་དེ་འདྲ་མེད། ད་ངེས་དོན་སྒྲོན་མེ་ནང་གི་བླ་མའི་རྣལ་འབྱོར་ནང་འགྲོ་རྒྱུ་ཡིན་པས་དང་པོ་ལེན་གཅིག་འདོན་ཏེ་བཤད་རྒྱུ་ཡིན། ང་ཚོས་རྒྱུན་དུ་ཐུན་མོང་མ་ཡིན་པའི་ཐུན་བཞི་ཉམས་སུ་ལེན་པའི་སྐབས་སུ་རང་ཉིད་ཐ་མལ་པ་མ་ཡིན་པར་ཡི་དམ་གང་རུང་ཞིག་སྒོམ་དགོས། ཡི་དམ་བསྒོམ་དགོས་རྒྱུ་དེ་ཐ་མལ་པའི་སྣང་བ་དེ་བཙན་ཐབས་སུ་བཀག་ནས་བརྩོན་ཚེ་དམ་པའི་སྣང་བ་འབྱུང་སླ་བ་ཡིན། དེའི་གནད་དེ་གང་རེད་ཅེ་ན་ཁྱེད་རང་ཚོས་ཤེས་རྒྱུ་རེད། ནམ་རྒྱུན་ང་རང་ཚོ་ཐ་མལ་པར་འཛིན་ཏེ་བསྡད་པ་ཡིན་ན་དམིགས་བསལ་གྱི་སེམས་ལ་ཚོར་བ་སྐྱེ་རྒྱུ་དང་སྤོབས་པ་སྐྱེ་རྒྱུ་ཅི་ཡང་མེད། དེས་ན་ང་ཚོས་ཡི་དམ་གྱི་སྒོམ་བྱེད་དུས་གང་བྱ་དགོས་ཞེ་ན་རང་ཉིད་ཡི་དམ་གྱི་ལྷ་སྤྱན་རས་གཟིགས་བསྒོམ་ན་རང་ཉིད་སྤྱན་རས་གཟིགས་དང་གཉིས་སུ་མེད་པར་སེམས་དགོས། དེ་ཡིན་བསམས་དུས་ནམ་རྒྱུན་གཏན་ལྟར་བྱས་ན་མི་འགྲིག སྤྱན་རས་གཟིགས་ཀྱི་མཛད་པ་དང་མཚུངས་པར་བྱ་དགོས། ་་ རང་ཉིད་སྤྱན་རས་གཟིགས་ཡིན་སྙམ་དུས་གཞན་གྱིས་ཅི་བྱས་ཀྱང་ཁོང་ཁྲོ་ལངས་མི་ཉན། མཚམས་རེར་གློག་བརྙན་བལྟ་དུས་གློག་བརྙན་ནང་གི་མིའི་བྱ་ཚུལ་བཞིན་ལད་མོ་བྱེད་ཀྱི་ཡོད་པ་ལྟར་སོ་སོ་མོས་པ་ཡོད་པའི་ལྷ་དེའི་བྱ་བ་བཞིན་བྱེད་དགོས་པ་རེད། དཔེར་ན། གློག་བརྙན་ནང་གི་མི་དེས་བྱེད་སྟངས་ཇི་བཞིན་བྱེད་དགོས། གཞན་ལ་མོས་པ་བྱེད་པ་དེ་ཕྱོགས་གཅིག་ནས་འདྲ་སྟེ་ཕྱོགས་གཞན་ནས་མི་འདྲ། ང་ཚོ་ཡི་དམ་གྱི་ལྷ་མ་ཡིན་བཞིན་དུ་ཡིན་བསམ་པ་དེ་འདྲ་མ་རེད། སོ་སོ་ལ་སངས་རྒྱས་བྱེད་ཀྱི་བདེ་གཤེགས་སྙིང་པོ་ཡོད་པས། བདེ་གཤེགས་སྙིང་པོ་དེ་དབུ་མ་ཐལ་འགྱུར་པའི་ལུགས་ལ་སྟོང་ཉིད་ཀྱི་རང་བཞིན་དུ་གྱུར། དབུ་མ་གཞན་སྟོང་ལྟར་ན་སྟོང་པ་ཉིད་མེད་དགག་ཙམ་ལ་ངོས་འཛིན་གྱི་མེད། དབུ་མ་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ལས་ཆོས་ཉིད་འདི་རེད་ཅེས་མཛུབ་ཚུགས་བྱས་མེད། བདེ་གཤེགས་སྙིང་པོའི་ལུགས་ཀྱི་ཆོས་ཉིད་འདི་རེད་ཅེས་མཛུབ་མོ་བཙུགས་ནས་བསྟན་ཡོད། དེ་འདྲ་བའི་ཡེ་ཤེས་ཟེར་ནའང་འདྲ། སྙིང་པོ་དེ་ས་ལ་བཞུགས་པའི་འཕགས་པ་ཡིན་ན་འདྲ་ང་ཚོའི་རྒྱུད་ཀྱི་སྙིང་པོ་དེ་ལ་ཁྱད་པར་མེད། རྣམ་པའི་ཆ་ནས་དྲི་མས་བསྒྲིབས་མ་བསྒྲིབས་ཙམ་ལས་ངོ་བོའམ་རང་བཞིན་དེ་གཅིག་པ་ཡིན། དཔེར་ན་ས་རྡོས་གོས་པའི་གསེར་དེ་བཙོ་སྦྱངས་བྱས་མ་བྱས་ཙམ་ལས་ཁྱད་པར་ཡོད་མ་ཡིན། བཙོ་སྦྱངས་ཟིན་དུས་གསེར་གྱི་ངོ་བོ་མངོན་ཡོང་བ་ཇི་བཞིན་རེད། རང་རེ་ཀུན་ལ་དག་པ་གཉིས་ལྡན་གྱི་ཆོས་སྐུ་སྒྲུབ་བྱེད་ཀྱི་ཆ་རྐྱེན་མ་ལུས་ཚང་ཡོད་པས་མོས་པ་བྱས་པ་ཙམ་མ་ཡིན། དེ་ཡི་དམ་སྒོམ་དགོས་པའི་རྒྱུ་མཚན་གང་དྲན་བཤད་ཟིན་པ་ཡིན། དེའི་མཇུག་ཏུ་ཡི་དམ་དུ་མ་ཡོད་པ་ལས་གང་ཞིག་བསྒོམ་དགོས་ཞེ་ན། དཔེར་ན། འདིར་ཡི་དམ་གྱི་ཐང་ཀ་མང་པོ་བཤམས་ཡོད། དེ་དག་ཁྱེད་ཚོར་ངོས་འཛིན་གྱིས་ཟེར་ན་ངོས་ཟིན་ཁག་པོ་ཡོད། དེ་རིང་འདིར་སོ་སོའི་མཚན་སྦྱར་ཡོད། ཐང་ཀ་འདིའི་ལོ་རྒྱུས་བཤད་ན། སི་ཏུ་ཆོས་འབྱུང་གིས་ཞལ་བཀོད་གནང་ནས་བྲིས་པ་རེད། འདི་འགྲེམས་སྟོན་ཁང་ཞིག་ནས་པར་རྒྱག་རྒྱུ་བྱུང་བས་ཐང་ཀ་ཉེར་བདུན་ཡོད། སྔོན་མ་ཡིན་ན་ངས་ཡི་དམ་གྱི་ལྷ་དེ་ཚོ་ངོས་ཟིན་གྱི་ཡོད་དེ་དེང་སང་ངོས་ཟིན་གྱི་མི་འདུག དཔེར་ན་རྡོ་རྗེ་ཕག་མོ་གཅིག་པུ་ལ་མ་འདྲ་བ་ཉི་ཤུ་ལྷག་འདུག་པས་ངོས་ཟིན་ཁག་པོ་འདུག རང་ཉིད་ལ་ཡི་དམ་གྱི་ལྷ་མང་པོ་ཡོད་ན་ཡང་སོ་སོའི་མོས་པ་ཡོད་པའི་ལྷ་དེའི་དབང་ཐོབ་ནས་སྒོམ་ན་འགྲིག་པ་ཡིན། སྐབས་འདིར་ཀརྨ་ཀཾ་ཚང་གི་ལུགས་ལ་རྡོ་རྗེ་རྣམ་འབྱོར་མ་བསྒོམ་དགོས་གསུངས་ཡོད། གང་ཡིན་ཞེ་ན་མར་པ་ལོ་ཙྰ་དང་། མི་ལ་རས་པ། དྭགས་པོ་རིན་པོ་ཆེ་རྣམ་པ་གསུམ་གྱི་གསང་བའི་རྣམ་འབྱོོར་མ་རེད། མར་མི་དྭགས་གསུམ་དེ་བཀའ་བརྒྱུད་པའི་མེས་པོ་ཡིན་དུས་ཁོང་རྣམ་པས་གང་མཛད་པ་དེ་ང་ཚོས་ཨེ་ཐོན་མི་ཐོན་བལྟ་དགོས་པ་རེད། དམིགས་བསལ་དུ་ཕྱག་ཆེན་ཉམས་སུ་ལེན་མཁན་ཚོས་རྣལ་འབྱོར་མ་བསྒོམ་དགོས། དེ་ཡང་རྣལ་འབྱོར་མ་དེ་ཕྱག་རྒྱ་ཆེན་པོ་མཚོན་བྱེད་ཡིན། ཡིན་ན་ཡང་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པ་ལ་དབང་ཐོབ་དགོས་ཤིང་། རྡོ་རྗེ་རྣམ་འབྱོར་མ་དེ་བཀའ་རྒྱ་ཆགས་ཡོད། ད་ལན་བདེ་མཆོག་གིས་དབང་ཐོབ་པ་ཡིན་དུས་རྡོ་རྗེ་རྣལ་འབྱོར་མ་ཉམས་ལེན་བྱེད་ཆོག་གི་མེད་དམ་སྙམ། ཀཾ་ཚང་གི་སྔོན་འགྲོ་གཏོང་མཁན་རྣམས་ཡིན་ན་རྣལ་འབྱོར་མ་ཞོག་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་ཡང་སོ་སོའི་ཡི་དམ་གང་རུང་སྔོན་དུ་འགྲོ་དགོས་པ་རེད། ཐུབ་བསྟན་སྦྱིན་པས་ཕབ།

བཀའ་བརྒྱུད་སྨོན་ལམ་སྔོན་འགྲོའི་སྤྱོད་ལམ་རྒྱུགས་བཞེས།

ཕྱི་ལོ་ ༢༠༡༧ ཟླ་བ་ པའི་ཚེས་ དང་  ཉིན་གཉིས་རིང་། ཕྱི་དྲོ་ཕྱག་ཚོད་བདུན་དང་ཕྱེད་ཐོག་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ནང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་སྐབས་ཕེབས་པའི་རྒྱ་བལ་འབྲུག་གསུམ་གྱི་དགེ་བཙུན་རྣམས་ཀྱི་སྔོན་འགྲོའི་སྤྱོད་ལམ་རྒྱུགས་བཞེས་ཕྱིར། གཟུ་དཔང་མཛད་པོ་གདན་ས་རུམ་བཏེག་བཤད་གྲྭའི་མཁན་པོ་སྐལ་བཟང་ཉི་མ་དང་མཁན་པོ་དགའ་དབང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་མཁན་པོ་ཐུབ་བསྟན་ཀརྨ། གདན་ས་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ནོར་བུ་རྒྱལ་མཚན། མི་རིགས་དགོན་གྱི་དབུ་མཛད་ཆོས་འཕེལ་རྣམ་ལྔའི་གཟིགས་སྐྱོང་འོག་རྒྱན་བབས་ཀྱི་རིམ་པ་བཞིན་ཐོག་མར། དཔལ་ངེས་དགོན། དཔལ་སྤུངས་བཙུན་དགོན་ཡེ་ཤེས་རབ་རྒྱས་གླིང་། ཁྲ་འགུ་སྒྲོན་མ་ལྷ་ཁང་། གཏེར་སྒར་དགོན། སྐྱེ་དགུའི་བདག་མོ་ཆོས་གླིང་། འོད་གསལ་ཀརྨ་ཐེག་མཆོག་གླིང་། དིལ་ཡག་དགོན། དཔལ་ཆེན་ཆོས་གླིང་། ཁྲ་འགུ་བཀྲ་ཤིས་ཆོས་གླིང་། ལེགས་བཤད་གླིང་། བསམ་གཏན་གླིང་། འབོ་དཀར་ངེས་དོན་ཆོས་འཁོར་གླིང་། ལ་བྷ་རིག་པའི་རྡོ་རྗེའི་གཙུག་ལག་སློབ་གཉེར་ཁང་། བསམ་གྲུབ་དར་རྒྱས་ཆོས་གླིང་། དཔལ་སྤུངས་ཤེས་རབ་གླིང་། བན་ཆེན་ཕུན་ཚོགས་དར་རྒྱས་གླིང་། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་། ངེས་བརྟན་རབ་རྒྱས་གླིང་། གནས་མདོ་བཀྲ་ཤིས་ཆོས་གླིང་། ཀརྨ་སྒྲུབ་སྡེ་དཔལ་མོ་ཆོས་ལྡིང་། ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་། བཙུན་དགོན་ཐེག་ཆེན་ལེགས་བཤད་གླིང་། བཙུན་དགོན་བསམ་གཏན་གླིང་། ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་། བཅས་འདི་ལོར་སྤྱོད་ལམ་རྒྱུགས་བཞེས་ལ་ཕེབས་མཁན་དགོན་སྡེ་ཁག་ཉི་ཤུ་རྩ་བཞི་པོ་རྣམས་མཚན་མོ་ཆུ་ཚོད་བཅུ་གཉིས་ཙམ་བར་སྤྱོད་ལམ་རྒྱུགས་བཞེས་བསྐྱངས།                            
དེ་ཡང་ཐོག་མར་ཆོས་གོས་རྣམ་གསུམ་མནབས་ཚུལ་དང་ལྟེབ་ཚུལ། གདིང་བ་ཁ་སྒྱུར་ཚུལ། སྐུ་ཕྱག་འབུལ་ཚུལ། གསོལ་ཚིགས་བཞེས་ཚུལ། ཚོགས་སུ་ཕེབས་བཞུགས་མཛད་ཚུལ། དབུ་ཞྭ་མནབ་ཚུལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆོས་སྐོར་དུ་ཇི་ལྟར་གདན་འདྲེན་ཚུལ་བཅས་ཀྱི་སྤྱོད་ལམ་རྒྱུགས་བཞེས་ཡོངས་རྫོགས་རིམ་བཞིན་བཞེས། དེ་ཡང་དུས་ཡུན་མགྱོགས་བུལ་གྱི་ཚད་གཞི་ཆུ་ཚོད་ཀྱི་དུས་བཀག་ཐོག་གྲ་སྒྲིག་གང་ལེགས་དང་ཚགས་ཚུད་སྔོན་དུ་གྲུབ་པ་རྣམས་ལ་བཀའ་བརྒྱུད་སྨོན་ལམ་ཉིན་མཐའ་མར་བྱ་དགའ་གསོལ་རས་སྩལ་རྒྱུའི་གཏན་འབེབས་སྔོན་ནས་མཛད་པ་ལྟར་སྩལ་རྒྱུ་ཡིན།  བསམ་གཏན་མཐར་ཕྱིན་ནས།

དཔལ་འཁོར་ལོ་བདེ་མཆོག་དབང་ཆེན་གྱི་དངོས་གཞིའི་བཀའ་དབང་།

ཕྱི་ལོ ༢༠༡༧ ཕྱི་ཟླ་ ༢ ཚེས ༩ ཉིན་དཔལ་འཁོར་ལོ་བདེ་མཆོག་གི་དངོས་གཞིའི་བཀའ་དབང་སྐབས། ༸རྒྱལ་དབང་མཆོག་གིས་བཀའ་སྩལ་དོན་དུ། སྟ་གོན་རིམ་པ་རྣམས་ཁ་རྩང་སྔོན་དུ་ཞུས་ཟིན་ནས། དེ་རིང་དངོས་གཞི་དབང་བསྐུར་རྒྱུ་ཡིན། དེའང་རྨིི་ལམ་བརྟག་པ་རྣམས་སྔོན་དུ་ཟིན། རྨི་ལམ་བརྟག་པ་བྱ་དགོས་པའི་རྒྱུ་མཚན་ནི། སློབ་མ་དབང་བསྐུར་བའི་སྣོད་རུང་དུ་འགྱུར་ཡང་དབང་བསྐུར་བ་ལ་བར་ཆད་ཡོད་མིན་བརྟག་པའི་སླད་དུ་ཡིན། རྨི་ལམ་ཞེས་པ་ནི་བདེན་པར་མ་གྲུབ་པ་རྫུན་པའི་དཔེ་མཚོན་ཡིན། དེ་ཡང་རྡོ་རྗེ་གཅོད་པ་ལས། སྐར་མ་རབ་རིིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཞེས་གསུངས་པ་ལྟར་རྨི་ལམ་ལེགས་ཉེས་ཇི་ལྟར་བྱུང་རུང་འཛིན་པ་མ་བགྱིས་ན་ལེགས། སྤྱིར་གཞུང་གི་ནང་རྨི་ལམ་ལེགས་ཉེས་ཀྱི་མཚན་མ་དུ་མར་གསུངས་མོད། གལ་ཏེ་ངན་པ་བྱུང་ནའང་བདེན་པར་མ་གྲུབ་པར་སེམས་དགོས་ཤིང་དེ་ཉིད་ཟློག་པའི་ཕྱིར་དུ་གཟུངས་སྔགས་རྣམས་བཟླས་ཏེ་རྨི་ལམ་ངན་པ་མ་ལུས་ཟློག་སོང་སྙམ་པར་བྱ་དགོས།

དངོས་གཞི་དབང་བསྐུར་བ་ལ་དབང་མ་བསྐུར་བའི་གོང་དུ་སྤྱིར་གསང་བ་སྔགས་དང་ལྷག་པར་དུ་བདེ་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་རྒྱུ་ཡིན། སྤྱིར་གསང་སྔགས་ཀྱི་སྐད་དོད་རྒྱ་སྐད་ནང་མནྟྲ་ཞེས་པ་དེ་ཡིན། དེ་ཉིད་ཀྱི་འབྱུང་ཁུངས་ཡར་དེད་ཚེ་བདེན་ཚིག་ཅེས་པའི་དོན་དང་འབྲེལ་བ་གྱུར་ཡོད། བདེན་ཚིག་ཅེས་པ་ནི། རྫུན་པ་མིན་པར་དྲང་པོའམ་དངོས་པོའི་གནས་ཚུལ་དང་མཐུན་པའི་ནུས་པ་ཞིག་ལ་ཟེར། དེ་འདྲ་ལ་བརྟེན་ནས་འཇིག་རྟེན་གྱི་ཕན་པ་བསྒྲུབ་རྒྱུ་དེ་མཉམ་མེད་སྟོན་པ་ཞལ་བཞུགས་པའི་སྐབས་ནས་ཡོད། དེ་ཡང་ལུང་སྡེ་བཞིའི་ནང་གི་སོར་མོའི་ཕྲེང་བའི་མདོ་ཡི་ནང་བུད་མེད་སྦྲུམ་མ་ཞིག་བྱིས་པ་བཙའ་མ་ཐུབ་པར་སྡུག་བསྔལ་གྱིས་ཆེས་མནར་བ་ལ། སོར་མོའི་ཕྲེང་བས་བདེན་ཚིག་བརྗོད་དེ་སྡུག་བསྔལ་ལས་གྲོལ་བའི་སྐོར་གསུངས་ཡོད། དེ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་སྔགས་འདྲེན་རྒྱུ་དེ་ཡིན་པ་རེད། དཔེར་ན། མགོན་པོ་མི་འཁྲུགས་པ་ལྟ་བུའི་མཚན་ནི་མགོན་པོ་མི་འཁྲུགས་པའི་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་བ་ཆགས་ཡོད། མཚན་སྔགས་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་བཅའ་མཚོན་པར་བྱེད་པས་མཚན་དེ་ཉིད་བརྗོད་པ་ཙམ་གྱིས་སྡུག་བསྔལ་ཞི་བར་བྱེད་ནུས། དེ་བཞིན་ཉན་ཐོས་ཀྱི་སྡེ་པའི་ནང་དུ་མོས་པ་ཡིད་བྱེད་ཀྱི་སྒོ་ནས་མི་སྡུག་པ་བསྒོམ་པ་དཔེར་ན་ས་གཞི་ཐམས་ཅད་ཀེང་རུས་ཀྱིས་ཁྱབ་པ་སྒོམ་བཞིན་ཡོད། དེ་དང་ཚུལ་མཐུན་པར་ཐེག་པ་ཆེན་པོར་ཇི་སྐད་དུ་བཟང་སྤྱོད་སྨོན་ལམ་ནང། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་སངས་རྒྱས་སྒོམ་པའི་མོས་པ་ཡིད་བྱེད་ཀྱི་བསྒོམ་རྒྱུ་དེ་འདྲ་ཡོད་པས། དེ་དག་དང་གསང་སྔགས་ནང་ལྷ་སྒོམ་པ་དང་དཀྱིལ་འཁོར་སྒོམ་པ་རྣམས་འབྲེལ་མཚུངས་སུ་འགྱུར་བཞིན་ཡོད། དེ་ལྟར་གསང་སྔགས་དེ་ལོ་རྒྱུས་དང་མཐུན་པར་རིམ་གྱིས་བྱུང་བ་ལས། མི་མང་པོ་ཞིག་གིས་གསང་སྔགས་ཞེས་པ་དེ་ནམ་མཁའ་ནས་བབས་པ་ལྟ་བུ་ཞིག་ཏུ་སེམས་མོད། དེ་ལྟ་མིན་པར་ལོ་རྒྱུས་ཀྱི་རིམ་པ་ཞིག་ཡོད།

དཔལ་འཁོར་ལོ་བདེ་མཆོག་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས་མ་རྒྱུད་ཀུན་གྱི་ཡང་སྙིང་ཡིན། རྒྱུད་སྡེ་འདི་ཉིད་ཀྱི་ཁུངས་གཏུག་ཡུལ་ནི་འཕགས་ཡུལ་གྱི་གྲུབ་ཆེན་ལུ་ཧི་པ། ནག་པོ་པ། དྲིལ་བུ་པ་གསུམ་ཡིན། ཁོང་རྣམ་གསུམ་ནི་རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པ་ཡིན། ཁྱད་པར་དུ་འཁོར་ལོ་བདེ་མཆོག་འདི་ཡི་བརྒྱུད་པ་ནི་གྲུབ་ཐོབ་ཆེན་པོ་ལུ་ཧི་པ་ནས་པཎ་ཆེན་ནཱ་རོ་པ་དང་རྗེ་མར་པ་སོགས་ལ་བརྒྱུད་པ་ཡིན་ཚུལ་ཞིབ་པར་བཀའ་སྩལ། མཐར་འདུས་པ་ཀུན་ལ་བུམ་དབང་མཐའ་རྟེན་དང་བཅས་པ་ལེགས་པར་སྩལ་ཏོ། །

ཀརྨ་ཚེ་རིང་ནས་ཕབ།

དཔལ་འཁོར་ལོ་བདེ་མཆོག་དབང་ཆེན་གྱི་སྟ་གོན།

ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༧ ཉིན་གུང་ཡོལ་ཆུ་ཚོད་ ༢ པའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་མི་འགྱུར་རིན་པོ་ཆེས་དབུས་པའི་བླ་སྤྲུལ་རྣམ་པ་དང་དེ་བཞིན་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོ་དང་། ཕྱི་ནང་རྒྱལ་ཁབ་དུ་མ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་དབང་གི་སྔོན་འགྲོ་སྟ་གོན་གྱི་དབང་སྩལ། སྟ་གོན་ཞེས་པ་ནི་གྲ་སྒྲིག་གི་དོན་དང་། དེ་ཡང་བླ་མའི་སྐུ་དྲུང་ནས་དབང་ཞུས་ཏེ་དབང་གི་དམ་ཚིག་རྣམས་རང་གིས་ཚུལ་བཞིན་ཁས་ལེན་བྱ་རྒྱུ་ཡིན་ཞེས་པའི་དོན་ཡིན། གཞན་ཡང་དབང་ཞུ་བ་པོ་དེ་ཉིད་བླ་མས་དབང་སྩལ་ཡུལ་གྱི་སྐལ་ལྡན་གྱི་གདུལ་བྱ་ཡིན་མིན་བརྟག་པའི་ཕྱིར་དུ་ཡིན། དེ་ལ་བརྟག་ཐབས་ཀྱི་རྫས་བཞི་ཡོད་དེ། ཁྱོར་ཆུ། སོ་ཤིང་། དཔུང་བཏགས་སྲུང་སྐུད། ཀུ་ཤ་སྟེ་བཞི་ཡིན། དེ་ལས་དང་པོ་ཁྱོར་ཆུ་ནི་དམ་ཚིག་ཁས་བླང་གི་ཕྱིར་བེད་སྤྱོད་པ་ཡིན། རྫས་ལྷག་མ་གསུམ་ནི་བརྟག་པའི་ཕྱིར་བེད་སྤྱོད་པ་ཡིན། དེ་ཡང་བརྟག་ཐབས་མི་འདྲ་བ་གཉིས་སུ་ཡོད་པ་ལས། དང་པོ་ནི་མངོན་སུམ་དུ་བརྟག་པ་དང་། གཉིས་པ་རྨི་ལམ་བརྟག་པ་སྟེ་གཉིས་ཡིན། མངོན་སུམ་གྱི་བརྟག་ཚུལ་ནི་དཀྱིལ་འཁོར་ནང་སོ་ཤིང་བོར་བ་དེ་ཡིན། དཔུང་བཏགས་སྲུང་སྐུད་ནི་རྨི་ལམ་ལ་བར་ཆད་མི་འབྱུང་བའི་ཕྱིར་དང་། རྩྭ་ཀུ་ཤ་ནི་རྨི་ལམ་བཟང་ངན་བརྟག་པའི་སླད་དུ་ཡིན། སྤྱིར་རང་ཉིད་ལ་དབང་ཐོབ་པའི་སྐལ་ལྡན་གྱི་གདུལ་བྱ་ཡིན་མིན་གོང་གི་བརྟག་པ་དེ་དག་གི་སྒོ་ནས་ཚུལ་བཞིན་དཔྱད་དགོས་ཀྱང་། དེང་རྟེན་འབྲེལ་གྱི་ཚུལ་དང་གཙོ་བོར་དད་པ་དང་མོས་པ་བཅོས་མ་མེད་པ་ཞིག་ལྡན་ཚེ་ཀུན་ལ་ཐོབ་པ་ཡིན། དེ་ཡང་༸རྒྱལ་དབང་མཆོག་ནས་བཀའ་སྩལ་གསལ་དུ། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པར་ཡི་དམ་འཁོར་ལོ་བདེ་མཆོག་གི་ཐོག་ནས་དབང་བྱ་རྒྱུ་ཡོད་པ་ལས་དེ་རིང་དབང་གི་སྟ་གོན་དང་། སང་ཉིན་དབང་གི་དངོས་གཞི་བྱ་རྒྱུ་ཡིན། ད་ལན་ཁྲིད་ཡིག་ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་ཁྲིད་བཞག་ཡོད། བླ་མའི་རྣལ་འབྱོར་གྱི་སྐབས་ཡི་དམ་གང་རུང་གི་སྒོ་ནས་རྒྱུད་ལ་སྐྱེ་བར་བྱ་དགོས་པར་བརྟེན་དབང་ཞིག་བྱ་དགོས་ཤིང་། ཐུན་མོང་གི་སྔོན་འགྲོའི་ནང་བླ་མའི་རྣལ་འབྱོར་གྱི་ཁྲིད་ཙམ་མ་ཟད་༸རྒྱལ་དབང་མི་བསྐྱོད་རྡོ་རྗེའི་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱང་མཆིས་པས་དེ་དང་འབྲེལ་བའི་ཕྱིར་བདེ་མཆོག་གི་དབང་དེ་བཞིན་བགྱིད་རྒྱུ་བྱས་པ་ཡིན། དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་དེ་ཡང་དག་འབྱོར་པ་ག་ལ་འགྱུར། །ཞེས་སོགས་ཀྱི་སྐབས་ནས་བསྟན་པ་བཞིན། རང་རེར་ཆོས་སྒྲུབ་པའི་འགལ་རྐྱེན་དང་བྲལ་ཞིང་། མཐུན་རྐྱེན་ཚང་བ་འདི་ལྟ་བུའི་དལ་འབྱོར་གྱི་རྟེན་ཡང་ཡང་སོན་པ་ཤིན་ཏུ་དཀའ་བས། དལ་འབྱོར་ཐོབ་པའི་གནས་སྐབས་སུ་དལ་འབྱོར་དོན་ཡོད་པ་བགྱི་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན། དལ་འབྱོར་དོན་ཡོད་པ་དང་དོན་ཆེ་ལུགས་ཇི་ལྟར་བྱ་ཞེ་ན། སློབ་དཔོན་ཙནྡྲ་གོ་མིས་རང་གི་སློབ་མར་སྤྲིངས་པའི་སྤྲིང་ཡིང་ནང། ཇི་སྐད་དུ། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ཞེས་སོགས་ཀྱི་སྐབས་ནས་གསུངས་པ་ལྟར་མི་ཡི་ལུས་རྟེན་འདི་ཉིད་གནད་ཆེན་པོ་ཡིན་པར་རྟོགས་དགོས། ངན་འགྲོ་རྣམས་ནི་སྨྲོས་མི་དགོས་ཤིང་། བདེ་འགྲོའི་ནང་ནས་ལྷ་རྣམས་ནི་འདོད་པའི་བདེ་བ་ལ་གཡེང་ཆེ་བས་ཆོས་སྒྲུབ་པའི་མཐུན་རྐྱེན་ཞན་པ་ཡིན། དེ་བཞིན་གཟུགས་ཁམས་པའི་ལྷ་རྣམས་ཀྱང་ཏིང་ངེ་འཛིན་ལ་ཞེན་ཆེ་བས་དམ་ཆོས་སྒྲུབ་དཀའ། དེས་ན་དམ་ཆོས་སྒྲུབ་པའི་དོན་རྣམས་ནི་མི་ཡི་རྟེན་ལ་ཡོངས་སུ་རྫོགས་པ་ཡིན། དེ་ལྟའི་མི་ལུས་ཀྱི་རྟེན་ཐོབ་པ་དེ་ཡང་ཐོབ་པ་ཙམ་གྱིས་མི་ཕན་པར་དལ་འབྱོར་དོན་ཡོད་ཅིག་བྱ་དགོས། ཚེ་ལ་ལོང་མེད་ཅིང་ནམ་འཆི་ཆ་མེད་ཡིན་པས་སྐད་ཅིག་སྐད་ཅིག་གིས་མི་རྟག་པར་འཇིག་པས་དལ་རྟེན་དོན་མེད་དུ་མ་སོང་བ་ཞིག་དགོས་པས་མ་འོངས་པར་བྱ་སྙམ་ན་དོན་མེད་ངང་འཇིག་ཉེན་ཆེ་བས་དུས་ཚོད་དམ་འཛིན་བགྱིད་དེ་ཆུད་ཟོས་སུ་མ་སོང་བ་ཞིག་ཅི་ནས་ཀྱང་བྱ་གལ་ཆེ། ཇི་སྐད་དུ་རྗེ་མི་ལས། ང་འཆི་བས་འཇིགས་ཏེ་རི་ལ་བྲོས། །འཆི་མེད་གཉུག་མའི་རྒྱལ་ས་ཟིན། །ད་འཆི་བའི་འཇིགས་པ་ང་ལ་མེད། །ཅེས་གསུངས་པ་ལྟར་། རང་རེར་ཡང་སྤྱིར་འཆི་བའི་འཇིགས་པ་ཡོད་ཀྱང་། ནམ་འཆི་ངེས་མེད་ཀྱི་འཇིགས་པ་དེ་མེད་པ་ཡིན། མཁས་པའི་འཆི་བའི་འཇིགས་པ་སྐྱེ་ལུགས་ཇི་ལྟར་ཡིན་ཞེ་ན། སྐྱེས་པའི་མཐའ་མ་འཆི་རྒྱུ་ཡིན་པ་ཆོས་ཉིད་ཡིན་ཡང་། རང་གིས་བསག་གསོག་བགྱིས་པའི་ལོངས་སྤྱོད་དང་། གཉེན་ཉེ་བུ་ཚ་སོགས་ཀྱིས་མི་ཕན་པར་རང་ཉིད་གཅིག་པུར་འཆི་དགོས་པས་ལོང་མེད་ཀྱིས་རྒྱུད་སྐུལ་བ་དེ་བཞིན་མཁས་པའི་འཇིགས་པ་སྐྱེ་ལུགས་ཡིན། དལ་འབྱོར་སྙིང་པོ་ལེན་ཚུལ་ནི། གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་སྙིགས་དུས་ཚེ་ཐུང་ཞིག་ལ་དབང་པོ་རྣོ་བ་རྣམས་ལ་མཆོག་ཏུ་འགྱུར་བ་དང་། ལྷག་པར་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་སངས་སྔགས་ཀྱི་བསྟན་པ་འདི་ཉིད་མེད་པས་དཀོན་པ་ལས་ཀྱང་ཆེས་དཀོན་པ་ཞིག་ཏུ་གྱུར་མོད། དེ་ལའང་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ལ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་ཀྱི་བསྟན་པ་ཡོད་པ་དང་། མ་འོངས་པའི་བསྐལ་བཟང་སངས་རྒྱས་མཐའ་མ་མོས་པའི་གནས་སྐབས་སུ་གསང་སྔགས་ཀྱི་བསྟན་པ་ཡོད་པར་གསུངས་པ་དང་། རི་བོ་དགེ་ལྡན་པའི་གསུང་རྒྱུན་ལ་མ་འོངས་པར་རྗེ་ཐམས་ཅད་མཁྱེན་པ་སངས་རྒྱས་སྤྱན་ལེགས་ཀྱི་སྐབས་སུ་སངས་སྔགས་བསྟན་པའི་ཆོས་འཁོར་སྐོར་བར་བྱེད་ཅེས་གསུང་སྲོལ་ཡོད། འོན་ཏང་དངོས་སུ་གསང་སྔགས་ཀྱི་བསྟན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་སྐབས་ལས་གཞན་ལ་མེད། གསང་སྔགས་དེ་ལའང་རྒྱུད་སྡེ་བཞིའི་དབྱེ་བ་ཡོད་ཅིང། སྐབས་འདི་ཉིད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེའི་ཁོངས་སུ་གཏོགས། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལའང་དབྱེ་བ་དུ་མ་ཡོད་པ་ལས་བླ་མེད་རྒྱུད་ལ་བཞེད་ཚུལ་གྱི་དབྱེ་བ་ཡོད་དམ་ཞེས་འདྲི་ན། བླ་མ་འགའ་ཞིག་གིས་དུས་འཁོར་འདི་ཉིད་རྒྱུད་ཐམས་ཅད་ཀྱི་རྩེ་མོ་ཡིན་པ་དང་། དེ་བཞིན་ས་སྐྱ་པས་ཀྱེ་རྡོར་དེ་བཞིན་རྒྱུད་ཐམས་ཅད་ཀྱི་མཆོག་དང་། རི་བོ་དགེ་ལྡན་པས་དཔལ་གསང་བ་འདུས་པ་མཆོོག་ཏུ་བརྩི་བ་ཡིན། དེ་བཞིན་རང་རེ་བཀའ་བརྒྱུད་པས་འཁོར་ལོ་བདེ་མཆོག་གི་རྒྱུད་དེ་བཞིན་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་དུ་བརྩི་བ་ཡིན། དེ་ལྟའི་དབང་བསྐུར་བྱེད་པ་ལ་བདེ་མཆོག་རྒྱུད་ཀྱི་འབྱུང་ཁུངས་ཀྱི་ལོ་རྒྱུས་སང་ཉིན་འཆད་རྒྱུ་ཡིན། སྟ་གོན་དངོས་ལ་འཇུག་པ་ལས། སློབ་མ་སྟ་གོན་ལ་འཇུག་པར་རིམ་པ་འགའ་ལས། ཐོག་མར་ཀུན་སློང་བཅོས་པའི་རིམ་པ་ཡིན། ཀུན་སློང་བཅོས་ཚུལ་ནི་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་ཀྱི་ནང་བསྟན་ཡོད། གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ལ་རིགས་གསུམ་དུ་ཡོད་པ་ལས། རིགས་གཅིག་ནི་ཚེ་འདིའི་དོན་གཉེར་གྱི་སླད་དུ་གསང་སྔགས་ཀྱི་ཉམས་ལེན་བྱེད་པ་དང་། རིགས་གཅིག་ནི་ཕྱི་མའི་དོན་གཉེར་ཕྱིར་དུ་ཉམས་སུ་ལེན་པ་དང་། རིགས་གཅིག་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་དོོན་གཉེར་བྱས་ཏེ་ཉམས་སུ་ལེན་པ་སྟེ་གསུམ་དུ་ཡོད་པ་ལས་མཐའ་མའི་ཀུན་སློང་དང་ལྡན་པ་ཞིག་གིས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཆོག་པ་ཡིན། སྐབས་འདིར་ཀུན་སློང་བཅོས་པ་ཞེས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེ་བ་ཡིན་པས་ཀུན་སློང་ཡང་དེའི་ཚུལ་དང་མཐུན་པ་ཞིག་ངེས་པར་དུ་དགོས། སྤྱིར་ཀུན་སློང་བཅོས་ཕྱིར་དུས་ཚོད་ཕྲན་བུ་བཏང་ནས་ཀུན་སློང་བཅོས་དགོས་པ་ལས་འཕྲལ་དུ་བཅོས་ཐབས་མེད། འོན་ཀྱང་གནས་སྐབས་དེར་ཚུལ་དང་མཐུན་པ་ཞིག་བཅོས་དགོས། དེས་ན་འདི་ཉིད་རིམ་པ་དང་པོ་ཡིན་པས་ཤིན་ཏུ་གནད་ཆེ། གཉིས་པ་གསོོལ་བ་འདེབས་པ་ནི། དགའ་ཆེན་ཁྱོད་བདག་སོགས་ཀྱིས་བསྟན་ཏེ། དེ་ཡང་དགའ་བ་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་གི་མཚན་ཡིན། དགའ་ཆེན་ཞེས་པའི་ཚིག་དེ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དང་ཡུལ་སྟོང་པ་ཉིད་དབྱེར་མ་མཆིས་པར་མཚོན་པ་ཡིན། སྐབས་འདིར་རང་གི་བླ་མ་དང་དགའ་བ་ཆེན་པོ་གཉིས་དབྱེར་མ་མཆིས་པའི་དོན་ཡིན། དེ་ཡང་རང་གི་སློབ་མ་ལ་ཉེ་བའི་ཚིག་གི་དོད་དུ་བརྗོད་པ་ཡིན། ད་ལན་བུམ་དབང་ཁོ་ནའི་དབང་བྱེད་རྒྱུ་ཡིན་ཞེས་གསུངས། དེ་མཇུག་ཐུན་མོང་གི་སྡོམ་པ་བཟུང་བ་དང་ཐུན་མིན་གྱིས་སྡོམ་པ་བཟུང་བ་གཉིས་ལས་ཐུན་མོང་གི་སྡོམ་པ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྩལ། དེ་ཡང་འདུས་པ་ཀུན་གྱིས་གོ་བརྡ་འཕྲོད་ཕྱིར་ཨིན་ཇི་དང་རྒྱ་སྐད་ཀྱི་སྒོ་ནས་སྐྱབས་གསུམ་རྗེས་ཟློས་ཀྱི་སྐུལ་མ་མཛད། དེ་མཇུག་ཁྱོར་ཆུ་དང་། དཔུང་སྐུད། རྩྭ་ཀུ་ཤ་བཅས་སློབ་མ་བརྟག་པའི་ཕྱིར་འདུས་པ་ཀུན་ལ་འགྲེམས་སྤེལ་མཛད་པ་བཅས་སྔོན་འགྲོ་སྟ་གོན་སྐབས་ཀྱི་མཛད་རིམ་རགས་པ་ཙམ་ངོ་སྤྲོད་ཀྱི་ཚུལ་དུ། བསྟན་འཛིན་རྣམ་རྒྱལ་ནས། 20170207_Chakrasamvara Empowerment Day2 Preliminary Practice