KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

དགུ་གཏོར་འཆམ་གྱི་སྐོར།

དགུ་གཏོར་གྱི་འཆམ་དེ་བཞིན་ཉིན་གཉིས་རིང་ཡོད་པ་ལས། ཉིན་དང་པོ། བོད་ཚེས་ ༢༨ ཉིན་དང་པོར་འབག་དང་འཆམ་གོས་མེད་པའི་སྒོ་ནས་སྐྱ་འཆམ་འཁྲབ་སྟོན་མཛད་པ་དང་། དེ་ཡང་གོས་སྣུམ་པོ་མ་ཡིན་པར་སྐྱ་བོ་མནབས་ཏེ་འཆམ་བསྐྱོན་པས་ན་སྐྱ་འཆམ་ཞེས་བརྗོད། དུས་རྒྱུན་ལྟར་ན་གོས་འཆམ་དང་འབག་འཆམ་གཉིས་འཆམ་གཅིག་མཚུངས་ཡིན། འོན་ཀྱང་ད་ལན་ཚེས་ ༢༨ དང་ ༢༩ གཉིས་ཀར་གར་འཆམ་མཛད་རྒྱུའི་འཆམ་གཉིས་ཕན་ཚུན་ཐ་དད་ཡིན།  

སྐྱ་འཆམ་གཟིགས་ཞིབ་ཕྱིར་དབུ་བཞུགས་སུ་ཐོག་མའི་ཆར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་དབུས། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་། མི་འགྱུར་རིན་པོ་ཆེ། འབོ་དཀར་ཆུང་སྲིད་རིན་པོ་ཆེ། མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ། འཇའ་ཚོན་རིན་པོ་ཆེ་སོགས་བླ་སྤྲུལ་རྣམས་དང་། བཤད་གྲྭ་ཁག་གི་མཁན་སློབ་རྣམ་པ།  དེ་བཞིན་གྲྭ་ཚང་ཁག་གི་དབུ་ཆོས་རྣམ་པ། དགེ་བཙུན་འདུས་པ་རྒྱ་མཚོ། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་སྟོང་ཚོ་དུ་མ་བཅས་ཡོངས་བསྡོམས་ཁྲི་ལ་ཉེ་བར་འདུས།

ཚེས་ ༢༨ ཉིན་གྱི་སྐྱ་འཆམ་དུ་མཱ་ར་ཡ་དང་། བདུན་བརྒྱད་མ་གཉིས་ཀྱི་གར་འཆམ་མཛད་རྒྱུའི་གཏན་འབེབས་མཛད་པ་ལྟར་ཐོག་མར་མི་རིགས་ཀྱི་དགེ་འདུན་པ་ཉི་ཤུ་ཙམ་ནས་མཱ་ར་ཡའི་གར་འཆམ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་མཛད། དེ་རྟིང་༸རྒྱལ་དབང་མཆོག་ནས་བདུན་བརྒྱད་མའི་འཆམ་དཔོན་མཛད་ཅིང་། མགོན་པོ་མཆོག་གི་དབུས་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་དང་རྡོ་རྗེ་སློབ་དཔོན་དང་། དེ་བཞིན་གདན་ས་རུམ་བཏེག་གི་ཆོག་གྲྭ་བཅོ་ལྔ་ཙམ་ནས་བདུན་བརྒྱད་མའི་གར་འཆམ་ཆུ་ཚོད་ཕྱེད་ཙམ་རིང་བསྐྱོན་པར་མཛད།

ཉིན་གཉིས་པ། ཚེས་ ༢༩ ཉིན་གྱི་དགུ་གཏོར་ཆེན་མོ་འདིའི་སྐབས་སུ་འཆམ་སྣ་མི་འདྲ་བ་གསུམ་ཡོད། དེ་ཡང་འཆམ་སྣ་དང་པོ་དེའི་མིང་ལ་སྒོ་མ་ཟེར། སྒོ་མ་བཞི་སྟེ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་སྟེ་བཞི་ཡིན། འཆམ་འདིའི་བྱེད་ལས་གཙོ་བོ་ནི། དགྲ་བོའི་རྣམ་ཤེས་དགུག་བཅིང་སྡོམ་གསུམ་བྱེད་རྒྱུ་དང་། དེ་བཞིན་ཞུམ་པ་དང་མྱོས་པ་ལ་སོགས་པ་བྱ་རྒྱུ་འདི་ཡིན། སྐབས་འདིར་དགྲ་བོ་ཞེས་པ་འདི་དགྲ་མཚན་ཉིད་པའམ་གང་ཟག་མཚན་ཉིད་པ་ཞིག་ལ་མི་སེམས་པར། གཙོ་བོ་འདི་རང་རྒྱུད་ལ་མཆིས་པའི་བདག་འཛིན་གྱི་དགྲ་བོའམ་བདག་འཛིན་འདི་དགྲ་བོའི་རྣམ་པར་བཀུག་ནས་དེ་དག་སྒྲོལ་བར་བྱ་རྒྱུ་དེ་ལྟར་ཡིན་པས་སྔགས་པ་ནུས་པ་དང་ལྡན་པ་ཞིག་ཡིན་ན་བདག་འཛིན་གྱི་དགྲ་བོ་བཀུག་ནས་དེ་དག་བསྒྲལ་ཚེ་ཕ་རོལ་པོ་དེས་བདག་མེད་རྟོགས་ནས་སྐད་ཅིག་དེ་ཉིད་དུ་གྲོལ་བ་ཡོང་བཞིན་ཡོད། སྔགས་པའི་ཕུར་རྩེ་ལས་སངས་རྒྱས་ཞེས་པ་དེ་འབྱུང་བ་ཡིན།

 དེ་བཞིན་གདན་ས་རུམ་བཏེག་གི་རྡོ་རྗེ་སློབ་དཔོན་རྒྱལ་མཚན་བསོད་ནམས་ནས་འཆམ་དཔོན་མཛད་དེ་ཕྱག་མཚན་དུ་མདའ་གཞུ་སོགས་སྒོ་མ་རེ་རེའི་ཕྱག་མཚན་རྣམས་རིམ་གྱིས་ཐོགས་ཏེ་ལིངྒ་བསྒྲལ་ལས་སོགས་མངོན་སྤྱོད་ཀྱི་གར་འཆམ་མཛད། དེ་མཇུག་རུམ་བཏེག་དང་དཔལ་ཆེན་ཆོས་གླིང་གི་དགེ་འདུན་ཉི་ཤུ་ཙམ་ནས་ཤྭ་འབྲོང་ཟུང་རེ་སྟེ་བཞི་དང་། བདུད་བཙན་བཞི་དང་། དེ་བཞིན་ཀེང་རུས་བཞིས་ཕྱག་མཚན་དུ་ལྕགས་ཀྱུ་ཞགས་པ་དྲིལ་བུ་ལྕགས་སྒྲོག་བཞི་ཐོགས་ཏེ་གར་འཆམ་མཛད།

དེ་བཞིན་སྒོ་མའི་འཆམ་འཁྲབ་དགོས་པའི་རྒྱུ་མཚན་ཡང་། སྒོ་མའི་འཆམ་འདི་ཡི་ནང་དམིགས་བསལ་སྔར་རྒྱུན་དང་མི་འདྲ་བའི་འཆམ་འགའ་ཁ་སྐོང་གི་ཚུལ་དུ་ཡོད། འཆམ་ལྷག་མ་དེ་དག་ཉམས་པ་སླར་གསོའི་ཚུལ་དུ་སྒོ་མ་འཁྲབ་བཅུག་པ་དེ་ལྟར་དང་། རྒྱུན་གཏན་བོད་མཚུར་ཕུ་དགོན་དུ་ཞྭ་ནག་རྔ་འཆམ་སྐབས་ཞིང་སྐྱོང་འཁྲབ་རྒྱུ་དང་། སྒོ་མ་འཁྲབ་རྒྱུ་དེ་དག་མེད་མོད། དེ་རིང་དམིགས་བསལ་བྱས་ཏེ་དང་པོ་སྒོ་མའི་གར་འཆམ་མཛད་པ་དེ་ལྟར་ཡིན།

དེ་རྗེས་ལ་འཆམ་སྣ་གཉིས་པ་འདི་ཞྭ་ནག་རྔ་འཆམ་ཡིན། ཞྭ་ནག་རྔ་འཆམ་ཞེས་པའི་མཚན་དེ་དག་ཐོགས་་དོན་གང་ཡིན་ཞེ་ན། མགོ་ལ་ཞྭ་ནག་གྱོན་ཅིང་ལག་ཏུ་རྔ་འཁྱེར་ནས་འཆམ་འཁྲབ་ཀྱི་ཡོད་སྟབས་ཞྭ་ནག་རྔ་འཆམ་ཞེས་བཏགས། འཆམ་འདི་རྗེ་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་དགུང་ལོ་བདུན་བརྒྱད་ཀྱི་སྐབས་སུ་མགོན་པོ་ཞལ་གཟིགས་བྱུང་ནས་མཛད་པ་ཞིག་ཡིན། དེས་ན་ཀཾ་ཚང་གི་ཐུན་མོང་མ་ཡིན་པའི་འཆམ་ཞིག་ཏུ་གྱུར་ཡོད། སྤྱིར་རང་རེས་འཆམ་འདི་ལེགས་པར་མཇལ་སྐབས་མཚམས་རེ་བྱིས་པའི་རྣམ་འགྱུར་ལྟ་བུ་ཅུང་ཙམ་ཡོང་བཞིན་ཡོད། དེ་ཇི་ལྟར་ཡིན་ཞེ་ན། ཁོང་དགུང་ན་ཕྲ་བའི་དུས་སུ་མཛད་པའི་མཚན་མར་ངེས་སྙམ། དེའི་མཇུག་ཏུ་ཀརྨ་པ་དྲུག་པའི་ཡང་སྲིད་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ཁོང་གིས་སྐུ་ན་ཆུང་དུས་ཁོང་དྲུག་པ་མཐོང་བ་དོན་ལྡན་གྱི་ཡང་སྲིད་ཡིན་པས་ཁོང་གིས་ཞྭ་ནག་རྔ་འཆམ་དེ་ལྟར་འཁྲབ་དགོས་ཞེས་གསུངས་ནས་ཆུང་དུས་སྐབས་ཞྭ་ནག་རྔ་འཆམ་དེ་དག་འཁྲབ་པར་མཛད། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་ཞྭ་ནག་རྔ་འཆམ་ལ་འགྱུར་བ་ཕྲན་བུ་ཞིག་བཏང་བར་མཛད་སྙམ། དེ་ཡང་དེ་རིང་གི་འཆམ་གཙོ་བོ་དེ་ཞྭ་ནག་རྔ་འཆམ་ཡིན།  

རྒྱ་གར་འཕགས་པའི་ཡུལ་དུ་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་མཛད་པའི་མགོན་པོའི་ལས་བྱང་ཆེན་པོ་དང་། མགོན་པོའི་རྔ་འཆམ་ཆེན་པོ་དེ་གཉིས་སྟབས་ཅིག་ཏུ་འཁྲབ་རྒྱུ་འདི་རྒྱ་གར་འཕགས་པའི་ཡུལ་དུ་ཐེངས་དང་པོར་གྱུར་ཡོད། དེ་བཞིན་བོད་གངས་ཅན་ལྗོངས་སུ་ཡང་ཕལ་ཆེར་ལོ་ངོ་ཉིས་བརྒྱ་སུམ་བརྒྱའི་ནང་ལ་ཕལ་ཆེར་བྱུང་མེད་ཅེས་བརྗོད་ནའང་འཐུས་སྙམ། དེའི་སྟེང་དུ་ཞྭ་ནག་རྔ་འཆམ་གྱི་མཐའ་མར་འཆམ་མུ་མཐུད་ནས་གཏོར་མ་འཕེན་རྒྱུ་དང་ཟོར་འཕེན་རྒྱུའི་འཆམ་ཞིག་ཡོད། དེ་ཀརྨ་པ་རང་བྱུང་རྡོ་རྗེས་རྙིང་ལུགས་ཀྱི་མ་མོའི་རྒྱུད་ལ་བརྟེན་ནས་མཛད་པ་ཞིག་ཡིན།  

འདི་ལོ་ཚེས་ ༢༩ ཉིན་གྱི་ཞྭ་ནག་རྔ་འཆམས་དེ་བཞིན་བན་ཆེན་དགོན་གྱི་མཁན་པོ་ནས་འཆམ་དཔོན་མཛད་དེ་དགེ་འདུན་པ་ཉི་ཤུ་ཙམ་ནས་དུས་ཡུན་ཆུ་ཚོད་ལྔ་ཙམ་རིང་ངལ་བ་མེད་པར་གར་འཆམ་མཛད།

འཆམ་སྣ་གསུམ་པ་དེ་ཞིང་སྐྱོང་གི་འཆམ་ཡིན། ཞིང་སྐྱོང་འདི་ཀརྨ་པའི་ཆོས་སྐྱོང་འཁོར་ལྔའི་ནང་ཚན་ཞིག་ཏུ་གྱུར་ཡོད་ལ། དེ་བཞིན་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་ཙཱ་རིའི་གནས་ཀྱི་སྲུང་མ་ཡིན་པའི་ཆ་ནས་ཕལ་ཆེར་ཞིང་སྐྱོང་ཞེས་པ་ཞིག་ཡོང་བཞིན་ཡོད་སྙམ། ཁོང་ནི་སེང་གེའི་གདོང་པ་ཅན་ཞིག་ཡིན་པ་དང་། བླ་མ་འགའ་ཞིག་གི་གསུང་རྒྱུན་ལ། ཆོས་སྐྱོང་ཕྱག་བཞི་པའི་འཁོར་དུ་སེང་གེའི་གདོང་པ་ཞིག་ཡོང་བས་དེ་དང་གཅིག་མཚུངས་ཡིན་པར་གསུངས། མདོར་ན་དཔལ་འཁོར་ལོ་སྡོམ་པ་དང་ཆོས་སྐྱོང་ཕྱག་བཞི་པའི་རྣམ་པར་འཕྲུལ་པ་དེ་འདྲ་ཞིག་གསུངས་ཡོད། ཞིང་སྐྱོང་དེ་ནི་ཆོས་སྐྱོང་གཞན་ལས་དམིགས་བསལ་གྱི་མཐུ་རྩལ་ཆེ་བ་དང་དངོས་གྲུབ་མྱུར་བ་ཡིན་ཞེས་གསུངས་ཡོད།

ཞིང་སྐྱོང་འདི་ཀརྨ་ཀཾ་ཚང་གི་སྲུང་མར་གྱུར་པ་འདི་དང་པོ་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵིའི་སྐབས་ནས་བྱུང་བ་ཞིག་ཏུ་གྱུར་ཡོད། དེ་བཞིན་ཞྭ་དམར་སྐུ་ཕྲེང་གཉིས་པ་ཞྭ་དམར་མཁའ་སྤྱོད་དབང་པོ་ནས་བཟུང་སྟེ་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་སྲུང་མར་གྱུར་ཡོད། འདི་སྐབས་ཀྱི་གར་འཆམས་མཛད་པོ་ཡང་བལ་ཡུལ་བན་ཆེན་དགོན་གྱི་དགེ་འདུན་པ་ཉི་ཤུ་ཙམ་ནས་འཁྲབ་སྟོན་མཛད།

དེ་རིང་འདིར་ཞིང་སྐྱོང་གི་འཆམ་འཁྲབ་དགོས་པའི་རྒྱུ་མཚན་ནི། གཙོ་བོ་འཆམ་འཁྲབ་སྟོན་མཛད་མི་བན་ཆེན་དགོན་གྱི་དགེ་འདུན་པ་རྣམས་ནས་འཁྲབ་ཀྱི་ཡོད། ཞིང་སྐྱོང་འདི་བན་ཆེན་དགོན་པའི་ཐུན་མོང་མ་ཡིན་པའི་སྲུང་མ་རྩ་ཆེན་ཞིག་ཏུ་བརྩི་བར་མཛད་བཞིན་ཡོད། དེས་ན་གཙོ་བོར་སྐྱབས་རྗེ་བསྟན་དགའ་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་མགྱོགས་མྱུར་ཕེབས་ཐུབ་དང་། དེ་ལ་བར་ཆད་ཀྱི་མཚན་མ་ཅི་མཆིས་པ་ཐམས་ཅད་ཉེ་བར་ཞི་བའི་སླད་དུ་ཞིང་སྐྱོང་གི་འཆམ་འཁྲབ་དགོས་ཀྱི་ཡོད་ཅེས་༸རྒྱལ་དབང་མཆོག་ནས་ཁོང་རྣམ་པར་བཀའ་སྩལ་པ་ལྟར་འཁྲབ་སྟོན་མཛད་པ་ཞིག་ཡིན།  བསྟན་འཛིན་རྣམ་རྒྱལ་ནས།

20170224PM_Cham Dance without Costumes

དགུ་གཏོར་གྱི་སྐོར།

ཕྱི་ལོ་ ༢༠༡༧ ཟླ་བ་ ༢ཚེས་ ༢༡ ནས་ ༢༦ བར་ཉིན་དྲུག་རིང་བཀའ་བརྒྱུད་སྨོན་ལམ་ཆོས་རར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་མི་འགྱུར་རིན་པོ་ཆེ། དེ་བཞིན་འབོ་དཀར་ཆུང་སྲིད་རིན་པོ་ཆེ་དང་མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེས་གཙོས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། རྡོ་རྗེ་སློབ་དཔོན་དང་དབུ་མཛད་རྣམ་པ། མཁན་སློབ་རྣམ་པ། ཀཾ་ཚང་དགོན་ཁག་ཡོངས་ནས་ཕེབས་པའི་དགེ་བཙུན་འདུས་པ་རྒྱ་མཚོ་ལྷན་བཞུགས་ཀྱིས་སྒར་ཆེན་དགུ་གཏོར་བརྗིད་ཉམས་ལྡན་པའི་སྒོ་ནས་འཚོགས་པར་མཛད།     

དེ་ཡང་དམ་པའི་ཆོས་ཚུལ་བཞིན་སྐྱོང་བར་བྱེད་པའི་ལྷ་གཙོ་བོ་རྣམས་མདོའི་ནང་ཡོད། དེ་ཡང་། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིའི་ནང་ནས་ཟླ་འོད་གཞོན་ནུ་དང་། དེ་བཞིན་ལྷ་རྣམས་ཀྱིས་ཟླ་འོད་གཞོན་ནུར། ཁྱེད་ཀྱིས་རྒྱལ་བའི་བསྟན་པ་འཛིན་ཚེ་བསྟན་པ་འཛིན་པའི་གྲོགས་ངེད་རྣམས་ཀྱིས་བྱེད་ཅེས། ལྷ་དུ་མས་ཁས་འཆེས་པའི་ཚུལ་རྣམས་གོང་གསལ་མདོའི་ནང་གསལ་ཡོད།

བཀའ་གདམས་པའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བས། བསྟན་པ་འཛིན་སྐྱོང་བྱེད་པའི་འཁུར་དེ་དགེ་འདུན་དང་ཆོས་སྐྱོང་གཉིས་ཀ་ལ་ཡོད། འོན་ཀྱང་ཆོས་སྐྱོང་དེ་དག་ལ་བརྔན་པའི་ཚུལ་དུ་གཏོར་མ་གཏོང་དགོས་པར་གསུངས། སྤྱིར་ལྷ་སྒོམ་ཚུལ་དང་གཏོར་མ་གཏོང་ཚུལ་མདོའི་ནང་ཕྲན་ཚེགས་ཡོད་ཅིང་། གསང་སྔགས་ནང་དེའི་རྒྱུན་སྲོལ་ཆེས་མང་། དེ་དག་སྔར་རྒྱ་གར་ནང་ཤིན་ཏུ་དར་ལ། ཕྱིས་དེའི་རྒྱུན་བོད་དུ་དར་སྲོལ་ཆེར་བྱུང་བ་ཡིན། ཆོས་སྐྱོང་གི་ནང་ནས་མགོན་པོ་བེར་ནག་ཅན་དེ་པཎ་ཆེན་ནཱ་རོ་པ་ནས་བརྒྱུད་ཅིང་། དེ་ཡང་སྒྲ་སྒྱུར་གྱི་རྒྱལ་པོ་མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པ་ཞིག་དང་། ཕ་དམ་པ་སངས་རྒྱས་ཀྱི་གདམས་པ་ཞི་བྱེད་ཀྱི་ཆོས་སྐོར་ནང་དུའང་མཆིས། རྗེ་མར་པ་ནས་བརྒྱུད་པའི་ཁྲིད་དེའི་མིང་ལ་རླུང་སེམས་དབྱེར་མེད་ཅེས་བརྗོད་ཅིང་།  དེ་ཉིད་བཀའ་བརྒྱུད་སྔགས་མཛོད་ནང་བཞུགས་ཡོད།

མགོན་པོའི་རྒྱུན་དེ་ཉིད་ཐོག་མར་གསང་བའི་ཚུལ་དང་། མཇུག་ཏུ་ཀརྨ་པཀྵིའི་སྐབས་རིམ་གྱིས་དར་སྲོལ་ཆེ་བར་བྱུང་། དེ་བཞིན་རྗེ་དྲུག་པ་མཐོང་བ་དོན་ལྡན་སྐབས་ཆེར་སྤེལ། ཁྱད་པར་ཞྭ་དམར་གཉིས་པ་རྗེ་མཁའ་སྤྱོད་དབང་པོས་དར་སྤེལ་ཤུགས་ཆེར་མཛད། མགོན་པོའི་སྐུ་བརྙན་དངོས་སུ་བཞེངས་པའི་ལམ་སྲོལ་དེ་བཞིན་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་བྱུང་། ཀརྨ་པ་དྲུག་པ་རྗེ་མཐོང་བ་དོན་ལྡན་གྱིས་མཛད་པའི་མགོན་པོའི་ལས་བྱང་ཆེན་མོ་སྡང་བ་རྣམ་སྲེག་གམ་མགོན་ཉོབ་མར་གྲགས་པ་འདི་རྒྱུད་དང་མན་ངག་གི་ཁྱད་ཆོས་གཉིས་ཀ་ལྡན་ལ་བརྗོད་བྱ་ཟབ་ཅིང་། རྗོད་བྱེད་རྒྱས་པ་སོགས་མགོན་པོའི་འཕྲིན་ལས་ཀྱི་གཞུང་མཐའ་དག་གི་མ་མོ་ལྟ་བུར་གྱུར་མོད། འདོན་རྫོབ་ཤིན་ཏུ་ཆེ་བས་སྐྱེ་བོ་ཕལ་པ་རྣམས་སྒྱིད་ལུག་པར་གྱུར་ཏེ་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་བཞེད་པ་ལྟར་རྗེ་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་སྡང་བ་རྣམ་སྲེག་ལས་བཏུས་པའམ་སེར་མའི་ཆོ་ག་ཟུར་དུ་ཕྱེ་བས། དེའི་ཕྲིན་ལས་ཤིན་ཏུ་དར་བ་ཞིག་བྱུང་བས་གཞུང་འདིའི་དཔེ་རྒྱུན་ཡང་ཤིན་ཏུ་དཀོན་པར་གྱུར་པས། རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་ཉམས་པ་སླར་གསོའི་ཚུལ་གྱིས་གཞུང་ལ་འཕྲི་སྣོན་དང་བཅོས་ཀ་མཛད་ནས་མགོན་འཕྲིན་རྒྱས་པ་མི་ནུབ་བསྟན་རྒྱལ་མཛད།

གནས་མཆོག་རྡོ་རྗེ་གདན་དུ་དགུན་ཟླ་ཐ་ཆུང་མགོན་པོ་རྒྱུ་བའི་དུས་སུ། འཇིག་རྟེན་སྤྱི་དང་བོད་ཁམས་བསྟན་འགྲོའི་བདེ་རིམ་དུ་དམིགས་ཏེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཕ་ཆོས་དྲི་མ་མེད་པ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ལྕམ་དྲལ་གྱི་བསྟོད་ལས་བྱང་ཆུབ་སྒྲུབ་པ་དང་། དགྲ་ལས་དགྲ་བགེགས་ཚར་གཅོད། ལས་མཐའ་རྡོ་རྗེའི་གར་འཆམ་དང་བཅས་པ་ཚང་རྒྱས་འདི་བཞིན། འཕགས་ཡུལ་རྡོ་རྗེ་གདན་དུ་རྗེ་མཐོང་བ་དོན་ལྡན་གྱིས་མཛད་པའི་མགོན་པོའི་ལས་བྱང་ཆེན་མོ་དང་། མགོན་པོའི་རྔ་འཆམ་ཆེན་མོ་གཉིས་སྟབས་ཅིག་ཏུ་བྱ་བ་འདི་ལྟ་བུ་སྔར་བྱུང་མ་མྱོང་བའི་སྐལ་བཟང་ལ་ལོངས་སྤྱོད་པའི་བགོ་སྐལ་འདི་ལོ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་སྐབས་སུ་ལེགས་པར་ཐོབ།

དེས་ན་དགུ་གཏོར་སྐབས་ཐོག་མའི་ཉིན་གཉིས་ལ་སྡང་བ་རྣམ་སྲེག་གམ་མགོན་ཉོབ་མའི་ཆོ་ག་རྒྱས་པ་དེ་བཞིན་འདོན་པར་མཛད། མཐའ་མའི་ཉིན་གཉིས་ལ་སྡང་བ་རྣམ་སྲེག་ལས་བཏུས་པ་རྗེ་ཞྭ་དམར་པ་དཀོན་མཆོག་ཡན་ལག་གིས་མཛད་པ་དེ་བཞིན་འདོན་རྒྱུ་ཡིན། ཆོས་སྐྱོང་ལ་གཏོར་མ་བསྔོ་རྒྱུ་དེ་རབ་བྱུང་བཙུན་པ་རྣམས་ལ་འཁྲི་བའི་ལས་འགན་ཞིག་ཡིན་པས་རྒྱུན་དུ་འདོན་བཞིན་པར་བརྟེན་རབ་བྱུང་རྣམས་ཀྱི་རྒྱུན་ཁྱེར་ལྟ་བུ་ཡིན།

ཉི་ཤུ་དགུ་ཉིན་མགོན་པོ་དང་། ལྷ་མོ། ཆོས་སྐྱོང་རྣམས་ཕར་ཚུར་ཏེ་ཕྱོགས་ཕན་ཚུན་དུ་རྒྱུ་བའི་དུས་ཡིན་ཕྱིར་དེའི་ཉིན་གཏོར་བསྔོས་རྒྱས་པ་འདོན་པ་དང་། དེ་ཡང་ཉེར་བརྒྱད་ཀྱི་སྲོད་ནས་ཉེར་དགུའི་ཉིན་གང་པོར་འདོན་པར་བྱེད། ཉི་ཤུ་དགུའི་གཏོར་མ་ཇེ་རྒྱས་སུ་བཏང་ནས་བདུན་གཅིག་ཏུ་ཚོགས་འཚོགས་པས་བདུན་སྒྲུབ་ཅེས་བརྗོད།

དགོས་པ་ནི་ཆོས་སྐྱོང་ལ་གཏོར་མ་རྒྱས་པར་འབུལ་བ་དང་། རྗེས་ལོའི་བར་ཆད་མ་ལུས་ཞི་བའི་ཕྱིར་གཏོར་ཟློག་མཛད་པ་སོགས་ཡིན། ཉི་ཤུ་དགུའི་ཉིན་ཆོས་སྐྱོང་ལ་གཏོར་མ་རྒྱས་པ་གཏོང་རྒྱུ་དེར་དགུ་གཏོར་ཞེས་བརྗོད་དེ། དེ་ཡང་ཉི་ཤུ་དགུའི་ཚིག་བསྡུས་ཏེ་དགུ་དང་། དེ་ཉིན་ཆོས་སྐྱོང་རྣམས་ལ་གཏོར་མ་རྒྱས་པར་གཏོང་དགོས་པར་བརྟེན་དགུ་གཏོར་ཆེན་མོ་ཞེས་བརྗོད་པ་ཡིན། དེ་དག་ནི་དགུ་གཏོར་དང་འབྲེལ་བའི་བཤད་པ་ཆེ་ལོང་ཙམ་ཡིན་ནོ།   བསྟན་འཛིན་རྣམ་རྒྱལ་ནས།

20170222_Garchen Gutor Main Puja Day 1

ཐུགས་རྗེ་ལེགས་འབུལ་གྱི་བཀའ་སློབ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༩ ཉིན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་ཉིན་མཐའ་མའི་ཕྱི་དྲོར། ༸རྒྱལ་དབང་ཀརྨ་པ་མཆོག་ནས་སྦྱིན་བདག་ཡོན་བསྒོའི་བཀའ་སློབ་ཟབ་མོ་སྩལ་ཞིང་གསོན་བསྔོ་དང་གཤིན་བསྔོ་མཛད་ཟིན་པའི་མཇུག་ཏུ། སླར་ཡང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བཞི་པའི་སྦྱིན་པའི་བདག་པོ་རྣམས་དང་། ལས་བྱེད་པ་གཙོས་པའི་འདུས་པ་ཀུན་ལ་ཐུགས་རྗེ་ལེགས་འབུལ་གསུངས་པ་འདི་ལྟར།

ད་རེས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བཞི་པའི་སྐབས་འདིར་སྤྱི་ཁྱབ་འགན་འཛིན་བླ་མ་ཆོས་གྲགས་དབུ་བཞུགས་ཐོག་ནས་མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དུ་མ་ཞིག་ཡར་མར་ཕེབས་པ་སོགས་མི་དཀྱུས་མ་ལྟར་ཕྱག་ལས་མང་པོ་ཞིག་མཛད་པ་ཡོད་པ་དེ་རྣམས་དང་། དགོན་སྡེ་ཁག་ནས་ཕེབས་པའི་མཁན་པོ་དགེ་བའི་བཤེས་གཉེན་རྣམས་དང་། དེ་བཞིན་སྨོན་ལམ་ལས་བྱེད་ང་ཚོ་ཆེ་ཕྲ་ཆུང་ཀུན་དཀའ་སྡུག་མྱོང་ནའང་ལྷན་དུ་མྱོང་། དེ་བཞིན་བདེ་སྐྱིད་བྱུང་ནའང་མཉམ་དུ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་བྱུང་བས་གོ་སྐབས་དེ་དང་བསྟུན་ནས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་དུ་སྨོན་ལམ་གྱི་ཆོས་ར་འདི་ཉིད་ཀྱི་འཁྲིས་ལ་ཡོད་པའི་གཏེར་སྒར་དགོན་པའི་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དབུས་པའི་ལས་བྱེད་ཆེ་ཕྲ་ཆུང་ཀུན་གྱི་ང་ཚོ་ལ་ཕྱག་རོགས་རྨད་དུ་བྱུང་བ་མཛད་ཡོད་པ་དང་། བཀའ་བརྒྱུད་དགུན་ཆོས་ཆེན་མོའི་སྐབས་ཀྱི་ལས་བྱེད་རྣམས་དང་། དེ་བཞིན་ཐར་རྒྱན་བགྲོ་གླེང་ཚོགས་པས་བཀའ་བརྒྱུད་དགུན་ཆོས་ཆེན་མོ་དང་བཀའ་བརྒྱུད་སྨོན་ལམ་གཉིས་ཀའི་སྐབས་སུ་སྐུ་ངལ་དུ་མ་ཞིག་བསྐྱོན་ཡོད་པས་དེ་དག་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཚུར་ཕུ་བླ་བྲང་གི་ལས་བྱེད་རྣམས་ཀྱང་རྒྱུན་དུ་ལས་ཀ་བྱེད་པའི་སྐབས་དང་། དམིགས་བསལ་མཛད་རིམ་ཆེ་ཁག་གང་གི་སྐབས་སུའང་གང་ཐུབ་ཀྱིས་འབད་པ་དྲག་པོ་བྱས་པས་དེ་དག་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་རེས་དམིགས་བསལ་དུ་ང་དང་ལྷན་དུ་ཡོད་པའི་བོད་གཞུང་གི་སྐུ་ཚབ་དང་། རྒྱ་གར་དབུས་གཞུང་གི་སྐུ་ཚབ་རྣམ་པ་གཉིས་དང་ཁོང་གཉིས་བརྒྱུད་ནས་ས་གནས་གཞུང་དང་། རྒྱ་གར་དབུས་གཞུང་དང་། བོད་གཞུང་རྣམས་རྟག་ཏུ་མཐུན་སྦྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རེ་རྒྱུ་ཡིན།

དེ་ནས་བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་དང་། དེ་བཞིན་བླ་མའི་ཞབས་ཞུ་བ་( Guru Sevaka ) རྣམས་དང་པོ་ཐག་རིང་པོ་ཞིག་ནས་ཕེབས་པ་དང་། འདིར་ཕེབས་པ་ཙམ་མ་ཡིན་པར་སྐུ་ངལ་དུ་མ་ཞིག་བསྐྱོན་ཡོད་པས་དེ་དག་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་སུ་ཇཱ་སློབ་གྲྭ་ནས་ཕེབས་པའི་སློབ་མ་རྣམས་དང་། དེ་བཞིན་འབྲུག་ནས་ཕེབས་པའི་སློབ་མ་རྣམས་ཀྱང་འཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ཕྱག་ལས་ཡང་དག་པ་ཞིག་མཛད་པས་དེ་དག་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གནད་ཆེ་ཤོས་ཞིག་ལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ཉིད་སྐུ་གཟུགས་བདེ་མིན་ཡོད་ཀྱང་དངོས་སུ་ཞབས་ཀྱིས་བཅགས་ཤིང་། བྱིན་གྱིས་བརླབས་པ་དེ་ལ་ཐུགས་རྗེ་བཀའ་དྲིན་ལྷ་བླག་ཏུ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་ཟུར་མང་གར་དབང་རིན་པོ་ཆེ་དང་། སྐྱབས་རྗེ་མི་འགྱུར་རིན་པོ་རྣམ་པ་གཉིས་ཀྱང་ཞབས་ཀྱིས་བཅགས། ཉིན་རྟག་པར་ཚོགས་སུ་ཕེབས་ཤིང་། བྱིན་གྱིས་བརླབས་པ་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་འབོ་དཀར་ཆུང་སྲིད་རིན་པོ་ཆེ་ཕེབས་ཡོད་པ་དང་། རིན་པོ་ཆེ་སྐུ་གོང་མ་དེ་བཀའ་བརྒྱུད་སྨོན་ལམ་ཀྱི་སྲོག་ཤིང་ལྟ་བུ་ཞིག་གྱུར་ཡོད། དེ་བཞིན་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་རྣམ་གཉིས་ལའང་དམིགས་བསལ་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱོགས་མཐའ་ཁག་ནས་ཕེབས་པའི་སྤྲུལ་སྐུ་རྣམ་པ་དང་། མཁན་པོ་རྣམ་པ་དང་། དགེ་འདུན་པ་རྣམས་དང་། དེ་བཞིན་ཆོས་བརྒྱུད་གཞན་ནས་ཕེབས་པའི་རབ་ཏུ་བྱུང་བ་ཀུན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་ད་ལན་སྨོན་ལམ་སྐབས་སོ་བཞི་པར་རྒྱལ་ཁབ་ལྔ་བཅུ་ཙམ་ནས་མང་ཚོགས་དུ་མ་ཕེབས་ཡོད། དེ་ཡང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས། ཡུལ་དང་སྐད་རིགས་མི་གཅིག་པ། མི་རིགས་རྣམ་པ་སྣ་ཚོགས་པ། བདེ་སྐྱིད་ཡང་ཡང་འཛོམས་པར་ཤོག །ཅེས་གསུངས་པ་དེ་ད་ལྟ་མངོན་དུ་འགྱུར་བ་ལྟ་བུ་ཡིན། དེས་ཀྱང་འཛམ་བུ་གླིང་པ་ཀུན་ལ་འཛམ་གླིང་ཞི་བདེ་ཡོང་བ་དང་། འགྲོ་བ་སེམས་ཅན་ཐམས་ཅད་བདེ་སྐྱིད་ཡོང་བའི་སེམས་འཁུར་གཅིག་པ་ཡོད་པ་མཚོན་བཞིན་ཡོད། དེས་ན་ཕྱི་རྒྱལ་ནས་ཕེབས་པ་དང་། ཧི་མཱ་ལ་ཡ་རྣམས་དང་། བོད་པ་རྣམས་དང་། བོད་ནས་གསར་དུ་ཕེབས་པ་ཀུན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་ད་ལྟ་རྒྱ་གར་གྱི་ལས་བྱེད་དུ་མ་ཞིག་ཡོད་པ་དེ་རྣམས་དང་། ཉེན་རྟོག་པ་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་ལྷག་པ་དང་ཆད་པ་དུ་མ་ཞིག་ཀྱང་ཡོད་སྲིད་པས་གང་ལྟར་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་ཏོ།

དེ་ནས་དབུ་མཛད་ཆེན་མོས་རྗེ་མི་ལའི་སྨོན་ལམ་དང་སྒར་ཆེན་བཀྲ་ཤིས་ལ་སོགས་པའི་འདོན་པ་རྣམས་རབ་ཏུ་སྙན་པའི་དབྱངས་དང་བཅས་དབུ་འཛུགས་གནང་བ་དང་ལྷན་འདུས་པ་ཀུན་གྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ལེགས་པར་འདོན་པར་མཛད་དེ་མཐར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བཞི་པ་དེ་ཉིད་བཀྲ་ཤིས་པའི་སྒོ་ནས་རེ་ཞིག་མཇུག་ལེགས་པར་གྲུབ་བོ། །

སརྦ་མངྒ་ལཾ། །

ཙུམ་ཕྲུག་གངས་ལ་ཉི་ཤར།

འཇམ་མགོན་རིན་པོ་ཆེའི་ཕྱིར་དམིགས་བསལ་བཀའ་སློབ་ཕེབས་པ།

ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༡༩ བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་ཉིན་མཐའ་མར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་དམིགས་བསལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཆེད་བཀའ་སློབ་ཕེབས་དོན་དུ།
ད་མཇུག་ཏུ་ནམ་རྒྱུན་དམིགས་བསལ་གྱི་གཏམ་བཤད་བྱེད་ཀྱི་ཡོད། དང་པོ་དོན་ཚན་མང་པོ་ཞིག་ཞུ་དགོས་དྲན་སོང་། ཡིན་ན་ཡང་རང་ཉིད་གཟུགས་པོ་བདེ་པོ་དེ་ཙམ་མེད་སྟབས་གནས་སྐབས་རིང་མ་ཞུས་ན་དྲན་སོང་། བཤད་ཀྱང་ཐུབ་ས་མ་རེད། ནམ་རྒྱུན་སེམས་ནང་བསམ་ཡང་ཁ་ནས་འཐོན་གྱི་མི་འདུག་ཟེར་བ་ལྟར་ཕལ་ཆེར་དེ་རིང་དེ་འདྲ་ཆགས་འདུག །ཡིན་ན་ཡང་དོན་དག་ཅིག་ཞུ་དགོས་པ་ལྟ་བུ་ཆགས་ཡོད་དྲན་སོང་། དེ་གང་རེད་ཅེ་ན། ད་ལོ་ང་ཚོའི་བཀའ་བརྒྱུད་ནང་གནས་ཚུལ་ཁ་ཤས་ཤིག་བྱུང་ཡོད། དེ་ནང་ནས་གཅིག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གནས་སྟངས་འདི་རེད། དེ་ལ་མི་མང་པོ་ཞིག་གིས་དོ་སྣང་དང་སེམས་འཁུར་བྱེད་བཞིན་འདུག  །ང་ལ་ཡང་སྐད་ཆ་འདྲི་མཁན་ཁ་ཤས་ཤིག་བྱུང་། བྱས་ཙང་མི་མང་པོ་ཞིག་གི་སེམས་ནང་ངས་གང་འདྲ་ཞིག་དྲན་གྱི་ཡོད་དམ་བསམ་སྲིད། སྤྱིར་བཏང་འཇམ་མགོན་རིན་པོ་ཆེའི་གནས་ཚུལ་འདི་མང་ཁྲོད་ནང་ཁྱབ་བསྒྲགས་མ་བྱས་པའི་གོང་དུ་ཟླ་བ་གསུམ་བཞིའི་སྔོན་ནས་ངས་ཤེས་པ་རེད། དེ་ཡང་འཇམ་མགོན་བླ་བྲང་གི་ལས་བྱེད་དང་ང་དང་ངའི་འཁྲིས་ལ་ཡོད་པའི་མི་ཁ་ཤས་ཤིག་གིས་མ་གཏོགས་ཤེས་ཀྱི་མེད། སྐབས་དེ་དུས་ང་ཚོས་ཐབས་ཤེས་ཡོད་དགུ་སྣ་ཚོགས་བྱས་པ་ཡིན། ཡིན་ན་ཡང་མཐའ་མར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཁོང་རང་གིས་རང་གི་ངོ་དེབ་ (Facebook) ཐོག་གསལ་བསྒྲགས་གནང་བ་རེད། གནས་ཚུལ་འདི་ལ་ཕྱོགས་གཅིག་ནས་བཤད་ན། ན་ནིང་རིན་པོ་ཆེའི་འཁྲུངས་སྐར་སྐབས་ང་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་། རིན་པོ་ཆེ་ཆུང་དུས་ནས་ལོ་གཅིག་མ་ཟིན་ཙམ་ནས་རྒྱ་གར་ནང་ཕེབས། སོ་སོའི་ཕ་མ་དང་ཁ་བྲལ། ཆུང་དུས་ནས་སྐུ་ངལ་ཞིག་གི་ནང་ཕེབས་པ་རེད་ཅེས་དེ་ལྟ་བུའི་ཚོར་བ་ཞིག་རིན་པོ་ཆེའི་འཁྲུངས་སྐར་སྐབས་དམིགས་བསལ་ཞིག་བྱུང་། ཕལ་སྐད་ཐོག་ཞུས་ན། ཡ་ང་བ་ལ། སྙིང་རྗེ་ཨང་བསམ་པ་ཞིག་བྱུང་། སྔོན་མ་དེ་འདྲ་བྱུང་མྱོང་མེད། ཡིན་ན་ཡང་ན་ནིང་དེ་འདྲ་ཞིག་བྱུང་། སྤྱིར་བཏང་བླ་མ་སྤྲུལ་སྐུ་ཞིག་གི་མཚན་ཡོད། དེའི་ནང་ནས་ཀྱང་བླ་ཆེན་ཞིག་གི་མཚན་ཡང་ཡོད། དེ་ལ་བརྟེན་ནས་སོ་སོ་སྒེར་གྱི་སྐུ་ངལ་གང་འདྲ་ཞིག་ཡོད་པ་དེ་ཕལ་ཆེར་ང་ལ་ཡང་ཚོར་བ་དེ་ལྟ་བུ་ཡོང་བཞིན་ཡོད། བརྒྱ་ཆ་བརྒྱ་ཐམ་པ་ངས་རིན་པོ་ཆེའི་སྐུ་ངལ་ཐམས་ཅད་ཤེས་ཀྱི་ཡོད་ཟེར་ནས་ཞུ་ཐུབ་ཀྱི་ཡོོད་བསམ་པ་ཞིག་མེད། ཡིན་ན་ཡང་ང་ལ་ཀརྨ་པ་ཞེས་མཚན་ཐོགས་པ་ནས་བཟུང་ད་ལྟ་བར་དུ་ལོ་ངོ་མང་པོ་ཕྱིན་ཡོད། དཀའ་ངལ་མང་པོ་ཞིག་ཀྱང་འཕྲད་ཡོད། དེ་འདྲ་སོང་ཙང་རིན་པོ་ཆེས་དགོངས་པ་ཞུས་གནང་བའི་རྒྱུ་མཚན་དེ་འདྲ་ཞིག་ངས་བཤད་དགོས་བྱུང་ན་རིན་པོ་ཆེ་ལས་རྒྱུ་མཚན་མང་བ་ཞིག་བཤད་ཐུབ་ཀྱི་མེད་དམ་སྙམ། གང་ལྟར་ཡང་སྐུ་ངལ་མང་པོ་ཡོད་པ་འདི་ངས་ཀྱང་ཤེས་ཀྱི་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ལ་ཡང་འགྱོད་པ་ཞིག་ཡོད། ངའི་ངོས་ནས་ནམ་རྒྱུན་རིན་པོ་ཆེ་ལ་སེམས་འཁུར་དེ་ཙམ་བྱེད་མ་ཐུབ་པ། དེའི་རྒྱུ་མཚན་ལ་བརྟེན་ནས་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ལ་སྐུ་ངལ་ཡོད་པ་དེ་ཤེས་རྟོགས་བྱེད་མ་ཐུབ་པ་ལ་འགྱོད་པ་ཧ་ཅང་ཆེན་པོ་བྱུང་། དེ་རིང་གོ་སྐབས་འདིའི་བརྒྱུད་དེ་རིན་པོ་ཆེ་དང་། འཇམ་མགོན་བླ་བྲང་དང་། འབྲེལ་ཡོད་ཀྱི་མི་ཚང་མ་ལ་དགོངས་སེལ་ཞུ་རྒྱུ་ཡིན། དེའི་དུས་ཚོར་བ་འདྲ་མིན་སྣ་ཚོགས་པ་བྱུང་ཡོད། ཁོང་ཁྲོ་ཟ་བ་ལྟ་བུ། སེམས་ཕམ་པ་ལྟ་བུའི་ཚོར་བ་འདྲ་མིན་བྱུང་ཡོད། ཡིན་ན་ཡང་སེམས་ཀྱི་ཕུག་ཏུ་རིན་པོ་ཆེ་ལ་བློས་མི་གཏོང་གི་བསམ་པ། དད་པ། ཡང་ན་འཇིག་རྟེན་པའི་གཏམ་ལྟར་བཤད་ན། སེམས་འཁུར་རམ་བརྩེ་བ་ནི་ང་ཚོ་སུས་ཀྱང་ཉམས་གུད་ཕྱིན་མེད་སྙམ། ང་རང་ཡིན་ན་ཡང་དེ་བཞིན་ཡིན། རིན་པོ་ཆེ་ལ་ད་དུང་ཡིན་ན་ཡང་སེམས་འཁུར་དང་བརྩེ་བ་བྱེད་བཞིན་ཡོད། དེ་ལྟ་བུ་ཡོད་པ་འདི་རིན་པོ་ཆེ་ཁོང་རང་གིས་མཁྱེན་དགོས་རེད་དྲན་གྱི་འདུག །ཡིན་ན་ཡང་རིན་པོ་ཆེའི་སྒེར་གྱི་ངོས་ནས་ཞུས་པ་ཡིན་ན་ང་ཚོ་ཚང་མས་བསམ་ཤེས་བྱེད་ཐུབ་པ་དང་། ལྷག་པར་ང་རང་ལྟ་བུ་ལ་ཆ་མཚོན་ན་ངས་ཀྱང་བསམ་ཤེས་སམ་ (Understand) བྱེད་ཐུབ་པ་ལྟ་བུ་རེད། ཡིན་ན་ཡང་བཀའ་བརྒྱུད་ཀྱི་བསྟན་པ་སྤྱི་ལ་མཚོན་པ་ཡིན་ན་དེ་ནི་གྱོང་གུན་ཆེན་པོ་ཞིག་རེད། ལྷག་པར་འཇམ་མགོན་བླ་བྲང་ལྟ་བུ་ལ་མཚོན་ན་དཔེ་མི་སྲིད་པའི་གྱོང་གུན་ཆེན་པོ་ཞིག་རེད། འཇམ་མགོན་བླ་བྲང་འདི་སྔོན་མཇམ་མགོན་སྐུ་གོང་མ་དགུང་ལོ་གཞོན་གཞོན་སྐབས་ནས་དགོངས་པ་རྫོགས། དེས་དཀའ་ངལ་གཅིག་བྱུང་། ད་ལྟ་ཡང་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་ཙང་སྡུག་ཐོག་སྡུག་རྩེག་ལྟ་བུ་ཞིག་གྱུར་ནས་དངོས་གནས་དྲང་གནས་ཧ་ཅང་དཀའ་ལས་ཁག་པོ་ཆགས་སོང་། ཡིན་ན་ཡང་འཇམ་མགོན་བླ་བྲང་གི་ཕྱག་མཛོད་བསྟན་འཛིན་རྡོ་རྗེ་གཙོ་བོར་གྱུར་པའི་ལས་བྱེད་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་ད་ལྟ་བར་དུ་བྱས་ཡོད། དེ་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད། དེ་འདྲ་ཡིན་སྟབས་ང་རང་ངོས་ནས་ཀྱང་གང་ཞིག་བྱེད་ཐུབ་པ་འདི་ཞུ་རྒྱུའི་གྲ་སྒྲིག་ཨང་བསར་ཡོད། དེ་བཞིན་འཇམ་མགོན་བླ་བྲང་གི་ཁོངས་སུ་ཡོད་པའི་ལ་བྷ་དང་ཕུ་ལ་ཧ་རིའི་དགེ་འདུན་པ་རྣམས་ཀྱང་སེམས་ཤུགས་མ་ཆག་པར་བྱས་ནས་རྟག་ཏུ་རིན་པོ་ཆེའི་རྒྱབ་ཏུ་ང་ཡོད་བསམ་པ་ཞིག་གིས་ཐུགས་བསམ་བཞེས་ན་འགྲིགས་པ་རེད་སྙམ། དེ་བཞིན་སྔོན་ནས་འཇམ་མགོན་བླ་བྲང་ལ་སྦྱིན་བདག་གམ་རོགས་རམ་བྱེད་མཁན་ཚོས་ཀྱང་མུ་མཐུད་ནས་འཇམ་མགོན་རིན་པོ་ཆེའི་བརྒྱུད་པ་ཟེར་ནའང་འདྲ། སྐུ་ཕྲེང་རིམ་བྱོན་ལ་དད་གུས་མ་ནོར་བའི་ཐོག་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། མ་འོངས་པར་གང་འདྲ་ཆགས་ཀྱི་རེད་བསམ་ནས་སེམས་ཁྲལ་བྱེད་མཁན་ཡང་ཡོད། མ་འོངས་པར་གང་འདྲ་ཆགས་ཡོང་མི་ཡོང་ཟེར་བ་འདི་བཤད་ཚོད་ཐིག་དཀའ་བ་རེད། ཡིན་ན་ཡང་ངའི་བསམ་ཚུལ་ལྟར་བཤད་པ་ཡིན་ན། གཙོ་བོ་བླ་མ་སྤྲུལ་པའི་སྐུ་ཟེར་ནའང་འདྲ། བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོང་མཁན་རྣམས་ཀྱིས་གལ་ཆེ་ཤོས་འདི་བསྟན་པ་དང་འགྲོ་བའི་དོན་བློས་མི་གཏོང་བ་འདི་གལ་ཆེན་པོ་ཞིག་ཆགས་ཡོད་སྙམ། རྟེན་རབ་བྱུང་ཡིན་ན་ཡང་རུང་མ་ཡིན་ཡང་རུང་། གནས་དགོན་པར་བཞུགས་ཀྱང་རུང་མ་བཞུགས་རུང་གང་ལྟར་སེམས་ཅན་བློས་མི་གཏོང་བའི་བསམ་པ་དགོས་རྒྱུ་འདི་གལ་ཆེན་པོ་རེད་དྲན་གྱི་འདུག  །སོ་སོའི་གནས་སྟངས་གང་འདྲ་ཞིག་ཆགས་ཀྱང་བསྟན་འགྲོའི་དོན་བློས་མི་གཏོང་བ་ཞིག་དགོས་པ་འདི་གལ་ཆེན་པོ་ཞིག་རེད་དྲན་གྱི་འདུག །ང་རང་ཡིན་ཡང་ད་ལྟ་བར་གང་ཐུབ་ཐུབ་ཅིག་བྱས་པ་ཡིན། སོ་སོ་ཡིན་ན་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་ཆགས་ཀྱི་མེད། ཡིན་ན་ཡང་གང་འདྲ་ཞིག་ཆགས་ཀྱང་བསྟན་འགྲོའི་དོན་བློས་མི་གཏོང་བ་ཞིག་བསམ་བློ་བཏང་ནས་བསྡད་པ་ཡིན། ཁྱེད་རང་ཚོ་ཚང་མའི་ཐུགས་ལ་དེ་ལྟར་བཞག་རོགས་གནང་ཞུ་རྒྱུ་ཡིན། དེ་རིང་དེ་ཙམ་ཡིན་མང་པོ་ཞུ་རྒྱུ་མི་འདུག །ད་དེའི་རྗེས་སུ་བསྔོ་བ་བྱ་རྒྱུ་འདི་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་ཏོ། །
བསམ་གཏན་མཐར་ཕྱིན་ནས་ཕབ།

བཀའ་བརྒྱུད་སྨོན་ལམ་ཉིན་མཐའ་མའི་སྦྱིན་བདག་ཡོངས་བསྔོའི་སྐབས་ཀྱི་བཀའ་སློབ།

དེ་རིང་སྦྱིན་བདག་ཡོངས་བསྔོ་བྱེད་པའི་དུས་ལ་བབ་པ་ཡིན་པ་རེད། ཡོངས་བསྔོ་ཞེས་པ་དེ་རང་གཞན་གྱི་དགེ་རྩ་གང་བསགས་ཡོད་པ་དེ་དག་ཐམས་ཅད་ཆུད་ཟོས་སུ་མི་འགྲོ་བར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བར་བྱ་དགོས། དེ་ལྟ་བུའི་བསྔོ་བ་བྱེད་པ་ལ་བསྔོ་བའི་ཕན་ཡོན་ཤེས་པ། ཡོངས་སུ་བསྔོ་བར་བྱེད་པ། བསྔོ་བ་སྦྱངས་པར་བྱེད་པ་རྣམ་པ་གསུམ་ཡོད། དེ་ལ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། ། མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། ། ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། ། ཞེས་གསུངས་པ་ཇི་བཞིན། ང་ཚོར་བདེ་ཞིང་སྐྱིད་པ་འོང་དགོས་ན་དེའི་རྒྱུ་ལོངས་སྤྱོད་སྒྲུབ་པ་ལ་འབད་བརྩོན་བྱེད་དགོས། ལོངས་སྤྱོད་དམ་རྒྱུ་དཔལ་འབྱོར་དེ་རྒྱུ་མེད་ལས་བྱུང་བ་མ་ཡིན་པ་དང་། རྒྱུ་རྐྱེན་ཕྱིན་ཅི་ལོག་པ་ལས་ཀྱང་བྱུང་བ་མ་ཡིན་པར་རྒྱུ་གང་ལ་བརྟེན་ནས་བྱུང་བ་རེད་ཅེ་ན། བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་བྱུང་བ་རེད། བསོད་ནམས་དེ་ལ་ཡང་དབུ་མ་འཇུག་པ་ལས་གང་གསུངས་ཡོད་ཅེ་ན། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། ། བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། ། བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། ། ཅེས་གསུངས་ཡོད། དེའི་དོན་དག་དེ་གང་རེད་ཅེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས། བཟོད་པ་ལས་བྱུང་བའི་བསོད་ནམས་ཞེས་བསོད་ནམས་དེ་ལ་རིགས་གསུམ་ཡོད། དེའི་ནང་ནས་བསོད་ནམས་མཆོག་ཏུ་གྱུར་པ་དེ་གང་ཡིན་ཞེ་ན། དེའི་ནང་ནས་མཆོག་ཏུ་གྱུར་པ་དེ་སྦྱིན་པ་ལས་བྱུང་བའི་བསོད་ནམས་དེ་ཡིན་ཅིང་། སྦྱིན་པ་དེ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་རེད་དེ་གོ་བདེ་ཤོས་ཤིག་ཞུ་ན། ཁྱིམ་བདག་དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས། གང་བྱིན་པ་དེ་ནི་བདག་གི་ཡིན་ནོ། ། གང་ཁྱིམ་ན་བཞག་པ་དེ་ནི་བདག་གི་མ་ཡིན་ནོ། ། གང་བྱིན་པ་དེ་ནི་སྙིང་པོ་ཅན་ནོ། ། གང་ཁྱིམ་ན་བཞག་པ་དེ་ནི་སྙིང་པོ་མེད་པའོ། ། དེ་ལ་སོགས་པ་མང་པོ་གསུངས་ཡོད། དེ་གོ་བདེ་ཤོས་ཟེར་ནའང་འདྲ་གོ་བ་ཆེ་ཤོས་ཤིག་ཡོང་གི་ཡོད། དེའི་དོན་དེ་གང་གསུངས་པ་རེད་ཅེ་ན། སྦྱིན་པ་བཏང་བ་ཡིན་ན་སྦྱིན་པའི་དགེ་རྩ་དེ་སྐྱེ་བ་ཕྱི་མ་ལ་ཁེལ་བ་ཞིག་བྱེད་དགོས་རེད་མ་གཏོགས་ཚེ་འདིར་རྒྱུ་ཟས་སེར་སྣ་བྱས་ཏེ་བསག་བསྡད་པ་ཡིན་ན་འཆི་བའི་སྐབས་སུ་ཤུལ་དུ་བོར་ནས་འགྲོ་རྒྱུ་མ་གཏོགས་སྐྱེ་བ་ཕྱི་མར་ཚེ་འདིར་བསགས་པའི་དགེ་བ་ཅུང་ཟད་ཀྱང་མེད། མདོར་ན་སྦྱིན་པའི་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔེ་ཆའི་ནང་དུ་བཤད་པ་ཙམ་མ་ཡིན་པར་ད་ལྟ་ང་ཚོ་དངོས་ཡོད་གནས་ཚུལ་གྱི་ཐོག་ལ་ཡིན་ན་ཡང་གཏོང་ཕོད་ཆེན་པོ་ཡོད་པའི་སྐྱེ་བུ་དེ་འདྲས་མི་མང་པོ་ལ་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད། ཕན་བདེ་བསྐྲུན་ཐུབ་ཀྱི་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། དེ་ཡིན་སྟབས་མང་པོ་ཞུ་མི་དགོས་པར་གྱིས། སྦྱིན་པའི་ངེས་ཚིག་ཅེས་པ་དེ་སཾསྐྲྀཏའི་སྐད་ཐོག་ནས་འགྲེལ་བཤད་རྒྱབ་པ་ཡིན་ན་ཧ་ཅང་རྒྱག་རྒྱུ་ཡོད་པ་ཞིག་ཡིན་འདུག་སྟེ། བོད་སྐད་ཐོག་ནས་ངེས་ཚིག་ཅེས་པ་དེ་ལ་འགྲེལ་བཤད་ཏག་ཏག་ཅིག་ཡོད་དམ་མེད་ཧ་གོ་ཐུབ་ཀྱི་མི་འདུག གང་ལྟར་ཡང་ནམ་རྒྱུན་མདོ་སྡེ་རྒྱན་ལས་ཕར་ཕྱིན་དྲུག་གི་སྒྲ་བཤད་ཟེར་ན་འདྲ་འགྲེལ་བཤད་རྒྱག་འོང་དུས་དབུལ་པོ་འདུལ་བར་བྱེད་པ་དབུལ་པོའམ་ཕོངས་པ་མེད་པར་བྱེད་པ་ཞིག་ལ་སྦྱིན་པ་ཅེས་བརྗོད། མདོར་ན་སྦྱིན་པ་དེ་ལ་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་ཞེས་པ་དེ་འདྲའི་སྦྱིན་པའི་དབྱེ་བ་གསུམ་ཡོང་གི་ཡོད།  དེ་ཡིས་བསོད་ནམས་ཆེ་བའི་ཕན་ཡོན་བཤད་ནས་ད་བསོད་ནམས་དེ་ཡོངས་སུ་བསྔོ་བར་བྱེད་དགོས། དགེ་བའི་རྩ་བ་ཅི་བསགས་པ་དེ་ཡོངས་སུ་བསྔོ་བར་བྱེད་དགོས་པ་ཡིན། ཡོངས་སུ་བསྔོ་བ་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ་མདོར་བསྡུས་ཞུ་རྒྱུ་ཡིན། ང་རང་ཚོས་དགེ་བའི་རྩ་བ་ཇི་ལྟར་བསགས་པ་ཡིན་ན་ཡང་དེ་བསྔོ་བས་རྒྱས་འདེབས་པའམ་བསྔོ་བའི་རྩིས་ཟིན་པར་བྱེད་དགོས། དེ་བསྔོ་བའི་རྩིས་ཟིན་པར་མ་བྱས་ན་དགེ་བ་འཛད་པའི་རྒྱུ་བཞིའམ་དགེ་རྩ་འཕྲོ་བརླག་ཏུ་གཏོང་བའི་རྒྱུ་བཞི་ ཡོད། རྒྱུ་བཞིས་དགེ་རྩ་འཇོམས་པའམ་དགེ་རྩ་དེ་ནུས་པ་ཞན་དུ་བཏང་ནས་ཆུད་ཟོས་སུ་འགྲོ་བའམ་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཡོད།  རྒྱུ་བཞི་ཞེས་པས་ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་པ་དང་། ལོག་ལྟ་སྐྱེས་པ། དགེ་བ་བྱས་པ་ལ་ཕྱིས་འགྱོད་པ་སྐྱེས་ན་དགེ་བ་འཇོམས་འགྲོ་བ་དེ་འདྲ་ཡོང་བཞིན་ཡོད། དེ་བཞིན་སྐྱེས་བུ་དམ་པ་ལ་སྐུར་བ་བཏབ་ན་དེ་འདྲའི་ཐོག་ནས་དགེ་རྩ་འཇོམས་པ་ཡང་ཡོད། དེ་ལས་གཞན་དུ་གྱུར་པ་དགེ་རྩ་འཇོམས་པའམ་ནུས་པ་ཆུང་དུ་ཕྱིན་ནས་འཕྲོ་བརླག་འགྲོ་བའི་རྒྱུ་རྐྱེན་གཞན་ཡང་ཡོད། དཔེར་ན། ང་རྒྱལ་སྐྱེས་པ་དང་། དེ་བཞིན་དགེ་རྩ་ཡང་ཡང་བགྲང་ནས་ངས་དགེ་བ་འདི་བྱས་པ་ཡིན་ཞེས་མི་གཞན་ལ་ངོམ་པ་ཡིན་ན་ཡང་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད། གང་ལྟར་ཡང་ང་ཚོའི་དགེ་བའི་རྩ་བ་ཅི་བསགས་པ་དེ་བྱང་ཆུབ་ཏུ་བསྔོས་ཚེ་དགེ་བའི་རྩ་བ་དེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆུད་ཟོས་སུ་མ་སོང་བར་བརྟན་པར་གནས་མོད། དེ་ནས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། ། རྒྱ་མཚོ་མ་བསྐམས་བར་དུ་དེ་མི་འཛད། ། དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། ། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །  ཅེས་པའི་ཚིགས་བཅད་དེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་མི་འདུག བློ་གྲོས་རྒྱ་མཚོའི་ཞུས་པའི་མདོའི་ཚིག་ལྷུག་ཅིག་ཡོད། དེའི་དོན་དེ་བོད་པ་ཚོས་ཚིགས་བཅད་སྒྲིག་བཞག་པ་ཡིིན་པ་འདྲ། དོན་དག་དེ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་ནང་དུ་ཡོད། ཚིག་ཇི་བཞིན་ཚིགས་བཅད་དེ་ཡོད་མ་རེད་དེ་དེའི་སྐད་ཅ་གང་མ་རེད་དོན་དག་དེ་ཡོད་རེད། དེའི་དོན་དག་གང་གསུངས་ཀྱི་ཡོད་ཅེ་ན། དཔེར་ན། ཆུ་ཐིགས་གཅིག་རྒྱ་མཚོའི་ནང་དུ་ལྷུང་བ་ཡིན་ན་རྒྱ་མཚོ་དེ་མ་བསྐམས་བར་དུ་ཆུ་ཐིགས་དེ་གནས་ཀྱི་རེད། དེ་བཞིན་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་དགེ་བ་དེ་ཡང་བྱང་ཆུབ་མ་ཐོབ་བར་དུ་འཛད་ཀྱི་མ་རེད། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་དེ་འཕེལ་བཞིན་ཡོད། དེ་ཡང་སྤྱོད་འཇུག་ཆེན་མོ་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། ། འབྲས་བུ་སྐྱེས་ནས་ཟད་པར་འགྱུར་བ་ཉིད། ། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། ། འབྲས་བུ་འབྱིན་པས་མི་བཟད་འཕེལ་བར་འགྱུར། ། ཞེས་དང་། རྗེ་བཙུན་བྱམས་མགོན་གྱིས་ཀྱང་དེ་བཞིན་དུ་གསུང་ཞིང་དེ་དག་གི་དོན་མང་པོ་ཞུ་མི་དགོས་པར་མདོར་ན་དོན་དག་རྡོག་རྡོག་དེ་བྱང་ཆུབ་ཏུ་བསྔོས་པའི་དགེ་བ་དེ་ཆུད་ཟོས་སུ་མི་འགྲོ་བར་གོང་ནས་གོང་དུ་འཕེལ་གྱི་ཡོད། དེ་ཙམ་དུ་མ་ཟད་དགེ་བ་དེ་སངས་རྒྱས་ཐོབ་པའི་རྒྱུ་རུ་ངེས་པར་དུ་འགྲོ་བའི་དགོས་པ་ཡོད། དགེ་བ་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར་ཚུལ་དེ་ཡང་འཕགས་པ་མངོན་བྱང་གི་ཞུས་པའི་རྒྱུད་ལས་གསུང་པས་དོན་མདོར་བསྡུས་ཏེ་ཞུས་ན། དཔེར་ན། ཆུ་ཐ་དད་པ་མང་པོ་ཞིག་རྒྱ་མཚོའི་ནང་དུ་འགྲོ་བཞིན་ཡོད། དང་པོ་ཡོང་དུས་སོ་སོར་རོ་མི་འདྲ་བ་རེ་ཡོད་པ་རེད་དེ་མཐའ་མ་རྒྱ་མཚོའི་ནང་དུ་ཞུགས་ཟིན་དུས་བ་ཚྭའི་བྲོ་བ་ཅན་དུ་འགྱུར་བཞིན་ཡོད། དེ་བཞིན་དགེ་བ་དེ་བླ་མེད་བྱང་ཆུབ་མཆོག་ཏུ་བསྔོས་པ་ཡིན་ན་དེའི་བསོད་ནམས་དེ་སངས་རྒྱས་ཐོབ་པའི་རྒྱུ་ཉག་གཅིག་ཏུ་འགྲོ་བ་རེད།   དེ་ལྟ་བུའི་དགེ་རྩ་བསགས་པ་དེ་བྱང་ཆུབ་མཆོག་ཏུ་བསྔོ་ཚུལ་ལམ་བསྔོ་བ་བྱེད་སྟངས་གང་འདྲ་རེད་ཅེས་ཞུས་ན་རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཤྲཱིས་གསུངས་པ་ཇི་བཞིན་དམ་པ་གསུམ་གྱི་རྩིས་ཟིན་པ་ཞིག་དགོས། དམ་པ་གསུམ་པོ་དེ་གང་ཡིན་ཞེ་ན། ཡུལ་དམ་པ། དངོས་པོ་དམ་པ། བསམ་པ་དམ་པ་གསུམ་རེད། ཡུལ་དམ་པ་སྦྱིན་ཡུལ་དང་། དངོས་པོ་དམ་པ་སྦྱིན་བྱའི་རྫས་དང་། བསམ་པ་དམ་པ་དེ་བྱང་ཆུབ་ཀྱི་སེམས་སུ་གྱུར་ཡོད། སྦྱིན་པའི་ཞིང་དེ་ལ་སྤྱོད་འཇུག་ལས་གསུངས་པ་བཞིན་ཡོན་ཏན་གྱི་ཞིང་གཅིག་དང་། ཕན་འདོགས་པའི་ཞིང་། སྡུག་བསྔལ་གྱི་ཞིང་དང་གསུམ་ཡོད་ཅིང་། ཡོན་ཏན་གྱི་ཞིང་དེ་བླ་མ་དཀོན་མཆོག ཕན་འདོགས་པའི་ཞིང་དེ་རང་གི་ཕ་མ་དང་གྲོགས། སྡུག་བསྔལ་གྱི་ཞིང་དེ་ནད་པ་དང་དབུལ་པོ་ཉམ་ཐག་ལ་སོགས་པ་རེད། དེས་ན་རྒྱུན་དུ་མཆོད་པ་དང་སྦྱིན་པ་ཞེས་པ་དེ་མདོར་ན་གོང་དུ་འབུལ་སྐབས་མཆོད་པ་དང་མར་སྦྱིན་དུས་སྦྱིན་པར་གྱུར། དེ་འདྲའི་ཁྱད་པར་ཞིག་ལས་སྦྱིན་པའི་བཟོ་འདྲ་ཆགས་འགྲོ་གི་ཡོད། མདོར་ན་ང་རང་ཚོས་ནམ་རྒྱུན་ཧ་གོ་དགོས་པ་ཞིག་གང་ཡོད་ཅེ་ན། ནམ་རྒྱུན་ཡར་དཀོན་མཆོག་ལ་མཆོད་པ་བྱེད་པ་ལས་མར་སྤྲང་པོ་དང་དབུལ་ཕོངས་ཉམ་ཐག་ལ་སྦྱིན་པ་བྱེད་པ་དེ་བཤད་ཡོད་མ་རེེད། གསུངས་ཡོད་པ་ཡིན་ན་ཡང་ཧ་མ་གོ་བ་དེ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད་འདུག་དྲན་གྱི་འདུག དེ་ནས་སྐབས་འདི་ལྟ་བུ་མཚོན་པ་ཡིན་ན་ཡོན་ཏན་གྱི་ཞིང་བླ་མ་དཀོན་མཆོག་དེའི་ནང་ནས་ཀྱང་དགེ་འདུན་དཀོན་མཆོག་དགེ་འདུན་པ་མང་པོ་ཞིག་འཛོམས་ནས་ཞབས་ཏོག་ཕུལ་ཞིང་སྦྱིན་པ་རྒྱ་ཆེན་པོ་འབུལ་ས་ཡིན་པ་རེད། དགེ་འདུན་དེ་དཀོན་མཆོག་གསུམ་གྱི་ནང་ནས་དགེ་འདུན་དཀོན་མཆོག་ཡིན་དུས་དེ་ལ་ཕུལ་བའི་བསོད་ནམས་དང་བཞེས་པའམ་ལོངས་སུ་སྤྱོད་པའི་བསོད་ནམས་རྣམ་པ་གཉིས་ཀ་ཐོབ་ཀྱི་ཡོད། དེ་ཡིན་དུས་ནམ་རྒྱུན་འཕགས་པའི་དགེ་འདུན་དེ་དཀོན་མཆོག་རྗེས་དྲན་ལས་སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཞེས་གསུངས་པ་དང་། དེ་བཞིན་ཞིང་གི་དམ་པ་ཡོན་ཏན་གྱི་ཞིང་གསུངས་པ་ལ་སོགས་པ་མང་པོ་གསུངས་ཡོད་པ་རེད་དེ་མང་པོ་ཞུ་མི་དགོས་པར་གྱིས། དེ་ནས་དམ་པ་གསུམ་ལས་གཉིས་པ་སྦྱིན་པའི་རྫས་རེད། སྦྱིན་པའི་རྫས་སམ་དངོས་པོ་དེ་ཡང་དངོས་པོ་ཕལ་པའམ་གཞན་ལས་འཕྲོག་པ་མ་ཡིན་པ། དེ་བཞིན་དངོས་པོ་དེ་གཡོ་དང་སྒྱུ་ཡི་སྒོ་ནས་གཞན་མགོ་སྐོར་བཏང་ནས་བླངས་པ་མ་ཡིན་པ། དངོས་པོ་གཙང་མ་ཞིག་གམ་ཆོས་དང་མཐུན་པའི་དངོས་པོ་ཞིག་ཡིན་དགོས་ཀྱི་ཡོད།  མཐའ་མ་དེ་ལ་བསམ་པ་དམ་པ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པ་ཞིག་དགོས་ཀྱི་ཡོད། སྦྱིན་པ་བཏང་པ་ཡིན་ནའང་འདྲ་མཆོད་པ་ཕུལ་བ་ཡིན་ནའང་འདྲ་བསམ་བློ་གཏོང་སྟངས་དང་ཀུན་སློང་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། སྤང་བྱའི་ཀུན་སློང་དེ་ལ་དྲི་མ་ཅན་ཞེས་བརྗོད། དང་པོ་སོ་སོ་ལ་སྙན་གྲགས་ཨེ་ཡོང་ན་སྙམ་སྟེ་སྦྱིན་པ་བཏང་བ་ཡིན་ན་དྲི་མ་ཅན་རེད། སོ་སོའི་སྦྱིན་འདོད་མེད་ན་ཡང་མི་གཞན་ལ་དབང་མེད་དུ་བྱེད་བཅུག་པ་ཡིན་ན་ཡང་དྲི་མ་ཅན་རེད། དེ་བཞིན་ཕར་ཡག་པོ་བྱས་ན་ཚུར་ཡང་ཡག་པོ་བྱེད་ཀྱི་རེད་སྙམ་ནས་རེ་བ་རྒྱབ་སྟེ་བྱིན་ན་དྲི་མ་ཅན་རེད། དེ་བཞིན་ཚེ་ཕྱི་མར་ང་ཕྱུག་པོ་ཞིག་གྱུར་ན་སྙམ་སྟེ་སྦྱིན་པ་བཏང་བ་ཡིན་ན་དེ་ཡང་དྲི་མ་ཅན་རེད། སྦྱིན་པ་བྱིན་ཟིན་པའི་རྗེས་སུ་འགྱོད་པ་སྐྱེས་ནའང་དྲི་མ་ཅན་རེད། དེ་བཞིན་གཞན་གྱི་དགེ་བ་བྱས་པ་ལས་ལྷག་པ་ཞིག་བྱེད་ཀྱི་ཡིན་བསམ་སྟེ་ཕྲག་དོག་གི་ཀུན་ནས་བསླངས་ཏེ་སྦྱིན་པ་བྱིན་ན་ཡང་དྲི་མ་ཅན་རེད། དེ་བཞིན་རློམ་སེམས་ཀྱིས་ངས་བྱས་པ་ཇི་བཞིན་གཞན་གྱི་བྱས་ཡོད་མ་རེད་སྙམ་སྟེ་ང་རྒྱལ་སྐྱེས་པ་ཡིན་ནའང་དྲི་མ་ཅན་རེད། མཐའ་མར་གོང་ཞུས་ལྟར་སྦྱོར་དངོས་རྗེས་གསུམ་གྱི་རྩིས་མ་ཟིན་པའི་སྒོ་ནས་སྦྱིན་པ་བཏང་བ་ཡིན་ན་དེ་ཡང་དྲི་མ་ཅན་རེད། མདོར་ན་ང་ཚོས་ཞིང་དང་བསམ་པ་དངོས་པོ་གསུམ་རྣམ་པར་དག་པའི་སྒོ་ནས་སྦྱིན་པ་བྱས་ན། དཔེར་ན། དེ་རིང་བཀའ་བརྒྱུད་སྨོན་ལམ་ཐོག་ཞིང་དང་བསམ་པ་དངོས་པོ་རྣམ་པ་གསུམ་རྣམ་པར་དག་པའི་སྒོ་ནས་སྦྱིན་པ་བྱེད་མཁན་ཡང་ཡོད་ཀྱི་རེད། དོན་དག་དེ་ཚོར་འགྲེལ་བཤད་མང་པོ་རྒྱག་དུས་དཀའ་ལས་ཁག་པོ་བཟོ་བཞིན་འདུག དཀའ་ལས་ཁག་པོ་བཟོས་པ་ཡིན་ཙང་སྔ་མ་ཨ་མ་རྒན་མོ་ཞིག་གིས་བླ་མ་ཞིག་ལ་གཅིག་ཞུས་པ་རེད། དགེ་བའི་ཕན་ཡོན་བཤད་ཡོང་དུས་བླ་མ་ཁྱོད་མ་ཚད་རྒན་མོ་ང་ཡང་རེ་བ་འདུག སྡིག་པའི་ཉེས་དམིགས་བཤད་དུས་ང་མ་ཚད་བླ་མ་ཁྱེད་རང་ཡང་ཁག་པོ་འདུག དེ་འདྲ་བཤད་པ་རེད། དེ་འདྲ་བྱེད་དུས་མང་པོ་བཤད་དུས་དེའི་བཟོ་འདྲ་ཆགས་པའི་ཉེན་ཁ་འདུག ། ད་མང་པོ་ཞུ་མི་དགོས་པར་དེ་རིང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱིན་པའི་བདག་པོ་རྣམས་ཀྱིས་བསགས་པའི་དགེ་བའི་རྩ་བ་འདི་ཙམ་དུ་མ་ཟད་ང་རང་ཚོའི་དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡོམས་ནས་བསྔོ་བ་བྱེད་དགོས་པ་ཡིན། དེ་ཡང་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། ། བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག ། ཅེས་གསུངས་པ་བཞིན་ འགྲོ་བ་ཀུན་གྱི་དགེ་བའི་རྩ་བ་དང་ང་རང་གིས་འདས་པ་ལ་བྱས་ཟིན་པ་དང་ད་ལྟར་བྱེད་བཞིན་པ། མ་འོངས་པར་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་བསྔོ་བར་བྱེད་པ་ཡིན།  ང་རང་ཆམ་པ་ཕོག་ནས་བདེ་པོ་ཞིག་མི་འདུག་སྟེ་འཇའ་ཚོན་རིན་པོ་ཆེ་ཁོང་གིས་དབུ་འཁྲིད་དེ་སྨོན་ལམ་གྱི་སྦྱིན་བདག་ལོ་དྲུག་གི་རིང་ལ་གནང་བ་རེད། ལོ་དྲུག་གི་རིང་སྦྱིན་བདག་བྱས་ཏེ་ཚོགས་ཡག་པོ་བསགས་པ་དེ་བསྔོ་བ་ཡག་པོ་ཞིག་བྱེད་དགོས་པ་ཡིན་ཙང་འགྲེལ་བཤད་ཡག་པོ་ཞིག་མ་བརྒྱབས་ན་འགྲིག་ས་མི་འདུག་དྲན་ནས་བཤད་པ་ཡིན། དེའི་རྗེས་ལ་བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པས་སྦྱིན་པའི་བདག་པོ་རྣམས་ལ་བཀྲ་ཤིས་པར་བྱེད་རྒྱུ་དེ་ཡིན། ཞེས་བཀའ་སྩལ་ཏོ། །
ལྷ་ཐོག་ཐུབ་སྦྱིན་ནས་ཕབ།

20170219PM_Offerings to the gurus,Medicine Buddha,Sponsor Appreciation,HHKs Closing Speech