KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

མགོན་པོ་མི་འཁྲུགས་པའི་ཆོ་གའི་སྒོ་ནས་བྱང་སྲེག་མཛད་པ།

ཕྱི་ལོ་ ༢༠༡༧ ཟླ་ ༢ པའི་ ཚེས་ ༡༨ ཉིན། ཕྱི་དྲོ་དུས་ཚོད་ལྔ་པའི་ཐོག་དབུ་འཛུགས་ཀྱིས་སྲོད་ཀྱི་དུས་ཚོད་བརྒྱད་པའི་བར་ཡོངས་དགེ་གཏེར་སྒར་དགོན་གྱི་སྒོ་མཆོར་མདུན་དུ་སྔར་རྒྱུན་ལྟར་དཔལ ༸རྒྱལ་དབང་ཀརྨ་པ་མཆོག་དབུ་བཞུགས་ཀྱིས། སྔོན་ནས་མི་འཁྲུགས་པའི་བསྙེན་མཚམས་སུ་བཞུགས་ཟིན་པ་རྣམས་དང་ལྷན་དུ་དུས་ཡུན་ཆུ་ཚོད་གསུམ་ལྷག་ཙམ་རིང་མི་འཁྲུགས་པའི་ཆོ་ག་དང་འབྲེལ་བའི་སྒོ་ནས་གཤིན་པོ་རྣམས་ལ་རྗེས་འཛིན་གྱི་ཐུགས་སྨོན་གྱི་མཚམས་སྦྱོར་དྲག་པོ་དང་བཅས་དགོན་པའི་མདུན་ཕྱོགས་སུ་བྱང་ཤོག་སྲེག་པར་མཛད། དེ་ཡང་མགོན་པོ་མི་འཁྲུགས་པ་ནི། མདོ་སྡེ་དཀོན་མཆོག་བརྩེགས་པའི་ནང་མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ཞེས་པ་ཞིག་ཡོད། ཉེ་བའི་ལོ་ཤས་ནང་མི་འཁྲུགས་པའི་ཆོ་ག་ལ་ཆེས་དྭང་ཞེན་ཆེ་བ་བྱུང་བས་མི་འཁྲུགས་པའི་བསྙེན་མཚམས་བགྱིས་ཤིང་། དེ་དང་ཆབས་ཅིག་མི་འཁྲུགས་པའི་ཆོས་འཁོར་ཡང་ལོ་བསྟར་ཆགས་སུ་མཛད་བཞིན་པ་ཡིན།

དེང་དུས་རབས་ཉེར་གཅིག་པ་རྫས་མཚོན་དང་འཕྲུལ་ཐབས་དང་འབྲེལ་བའི་དུས་རབས་ཡིན་སྟབས་སྣོད་བཅུད་ཀུན་ལ་སྔར་དང་མི་མཚུངས་པའི་དོ་ཕོག་ཆེན་པོ་དང་གནོད་འཚེ་ཆེན་པོ་འབྱུང་བཞིན་པར། མགོན་པོ་མི་འཁྲུགས་པ་འདི་ཉིད་ལས་སྒྲིབ་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་ཡིན་པས། དེ་ཉིད་ཀྱི་ཕྱིར་ན་མགོན་པོ་མི་འཁྲུགས་པའི་སྒོ་ནས་བྱང་སྲེག་མཛད་པའི་གནས་ཚུལ་སྙིང་བསྡུས་སུ།                                                                                                                བསྟན་འཛིན་རྣམ་རྒྱལ་ནས།  

སྨོན་ལམ་ཉིན་ལྔ་པ་བཀའ་འགྱུར་ཆོས་སྐོར་དང་དག་སྒྲོགས།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས ༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་དང་ལྷན་དུ་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་གར་དབང་རིན་པོ་ཆེ། སྐྱབས་རྗེ་མི་འགྱུར་རིན་པོ་ཆེ། ཆབ་མདོ་ཞི་བ་ལྷ་རྣམ་བཞི་ཡང་བཞུགས་གནས་གཏེར་སྒར་དགོན་ནས་ཆིབས་འཕྲུལ་ཐོག་རྡོར་གདན་མཆོད་རྟེན་ཆེན་མོའི་ཤར་ཕྱོགས་རྒྱལ་སྒོའི་འགྲམ་དུ་ཆིབས་འཕྲུལ་ལས་བཤོལ་འཕྲལ་དུང་རྒྱ་སྤོས་སྣས་མདུན་བསུས་པར་ཞབས་འཁོད་ཀྱིས་མཆོད་རྟེན་ནང་གི་རྟེན་གཙོ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེར་སྙན་ཤལ་ན་བཟའ་སྒྲོན་འབུལ་དང་དེ་མཇུག་བཀའ་འགྱུར་ཆོས་སྐོར་གྱི་སྟ་གོན་མཛད་ཡུལ་དུ་གཟིགས་ཞིབ་ལེགས་པར་བསྐྱངས། 
༸རྒྱལ་དབང་མཆོག་དང་སྐྱབས་རྗེ་རིན་པོ་ཆེ་རྣམ་བཞིའི་ཕྱག་ཏུ་སྤོས་སྣ་དང་བཅས་སྤྱན་འདྲེན་གྱི་ཚུལ་སྔོན་དུ་ཕེབས་རྟིང་། ཕེབས་རྗེས་སུ་བཀའ་འགྱུར་བསྣམ་མཁན་རབ་བྱུང་དགེ་སློང་ཚུལ་ལྡན་བརྒྱ་ཕྲག་བརྒལ་བ་ནས་སྡེ་དགེ་སྤར་མ་ལས་གྲུབ་པའི་རྒྱལ་བའི་བཀའ་འགྱུར་རིན་ པོ་ཆེའི་གླེགས་བམ་དེ་ཉིད་རེ་རེ་བཞིན་ཕྲག་པ་གཡོན་དུ་ཐོགས་ཏེ་བཀའ་འགྱུར་ཆོས་སྐོར་གདན་འདྲེན་ཚུལ་སྤྱོད་ལམ་རྒྱུགས་སྤྲོད་སྐབས་ཇི་ལྟར་ལམ་སྟོན་མཛད་པ་ལྟར་དུང་རྒྱ་སྤོས་སྣ་དང་བཅས་ཏེ། ཐོག་མར་མཆོད་རྟེན་རིན་པོ་ཆེའི་ནང་སྐོར་ནས་དབུ་བཙུགས་ཏེ་ཕྱི་སྐོར་དུ་རིམ་གྱིས་ཕེབས།
ཆོས་སྐོར་དུ་ཕེབས་སྐབས་ཕེབས་ལམ་གྱི་གཡོན་གྲལ་དུ་ཕྱི་ནང་དད་ལྡན་མི་མང་སྟོང་ཚོ་དུ་མ་ནས་ལག་ཏུ་སྲིད་ན་རིང་བའི་དར་དཀར་དང་མེ་ཏོག་བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་པ་ཐོགས་ཏེ་དད་གུས་ཆེན་པོས་ཕེབས་ལམ་གཡས་གཡོན་དུ་སྒྲེང་སྟེ་ངག་ནས་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་སྨོན་ལམ་འདེབས་བཞིན་གནས་འདུག    །   
དེ་མཇུག་༸རྒྱལ་དབང་མཆོག་གི་དབུས་རིན་པོ་ཆེ་རྣམ་བཞི་དང་བཀའ་འགྱུར་ཆོས་སྐོར་ཞུ་མི་དགེ་སློང་རྣམས་ཕྱིར་ཕེབས་ཀྱིས་སྨོན་ལམ་ཆོས་རའི་བཞུགས་གྲལ་དུ་འཁོད་དེ་འདུས་པ་ཡོངས་དང་ལྷན་དུ་བཀའ་འགྱུར་གླེགས་བམ་རྣམས་ཕན་ཚུན་ཆ་བགོས་ཀྱིས་གསུང་གི་གདངས་དབྱངས་སྙན་ལ་གྲིམས་ལྷོད་རན་པའི་སྒོ་ནས་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་ནང་དབུ་ནས་མཇུག་བར་ལེགས་པར་དག་སྒྲོགས་ཞུས་ཟིན།                                                                                                                                                               བསྟན་འཛིན་རྣམ་རྒྱལ་ནས།

དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོའི་གསུང་ཆོས་ཉིན་མཐའ་མ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ ཉིན། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་བཀའ་བརྒྱུད་སྨོན་ལམ་ཆོས་རའི་བཞུགས་ཁྲིར་ཞབས་པད་འཁོད་རྟིང་ཤར་ནུབ་དད་སྦྱིན་བརྒྱ་ཕྲག་བརྒལ་བ་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་༸རྒྱལ་དབང་མཆོག་ནས་བཀའ་སྩལ་དོན་དུ། སྔ་དྲོའི་ཆར་ཚང་མ་ལ་སྔ་དྲོ་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་སྨོན་ལམ་དངོས་གཞིའི་གསུང་ཆོས་ཉིན་མཐའ་མ་ཡིན། དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོ་འདི་ད་དུང་ལོ་གཅིག་གཉིས་ཙམ་འགོར་བར་སྙམ།  

༼སྡིག་པ་ལ་རྣམ་སྨིན་ཞེས་པ་ནས་བྱ་ལྟ་བུར་སོང་བ་ཡིན་ནམ་སྙམ་ཞེས་པའི་བར་རྩ་ཚིག་འདོན་གནང་དང་འབྲེལ།༽ དེང་སང་སྡེ་དང་དགོན་པ་རྣམས་སུ་བསྐྱོད་ནས་མི་བཟང་པོ་དང་ཆོས་པ་བཟང་པོ་ཡོད་མིན་འདྲི་བརྩད་བྱས་ཚེ། མང་པོ་ཞིག་གིས་ཡོད་ཅེས་སྨྲ། དེ་ཇི་ལྟར་ལགས་ཞེ་ན། འཆི་བ་སྙིང་ནས་དྲན་ནས་ཚེ་འདི་ལ་བློ་ལོག་པ་ཞིག་ཡོད་ཅེས་སྨྲ་བ་གཅིག་ཀྱང་མེད་པར་རྟ་ཕྱུགས་གཞིས་ཀ་ལྡན་པའི་སྡེ་དཔོན་འདི་དང་། འཁོར་སློབ་སྟོང་ཕྲག་དུ་མ་ཡོད་པའི་མཁན་པོ་དང་སྤྲུལ་སྐུ་ཡུལ་དགོན་འདིའི་སྲོག་ལྟ་བུ་འདི་དང་འདི་ཡོད་ཅེས་བརྗོད་པར་བྱེད། ཁོང་རྣམས་ཀྱི་ལྟ་ཚུལ་ནི་ཡང་དག་པ་ཞིག་མིན། གང་ལགས་ཞེ་ན། བཟང་ཚུལ་དེ་ནི་ནོར་དང་ལོངས་སྤྱོད་ཆེ་ཆུང་གི་གཏམ་ཤོད་ཀྱི་འདུག །དེ་ནི་ཡང་དག་པ་ཞིག་མིན་པར་ཚེ་འདི་པ་ཞིག་ཡིན་པའི་རྟགས་གསལ་བར་བསྟན་པ་ཡིན། དེར་སྒྲུང་ཞིག་ཡོད་མོད་བདེན་པ་ཡིན་མིན་མི་ཤེས། སྔོན་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་དུ་སྤྲུལ་སྐུ་ཞིག་ཕེབས་པར་ཞབས་ཕྱི་རྣམས་ལ་གོང་མའི་སྐུ་ཆེ་བའི་ཡོན་ཏན་གང་ཞིག་ཡོད་ཅེས་བཀའ་འདྲི་སྩལ་ཚེ། ཞབས་འཁོར་རྣམས་ཀྱིས་གོང་མ་དེ་ཉིད་ཀྱི་སྐུ་ཤིན་ཏུ་ཆེ་བ་ཟི་ལིང་གི་རྟ་ཙམ་ཡོད་ཅེས་ཞུས། དེ་ནི་སྐུ་ཆེ་བའི་ཡོན་ཏན་གང་ཡང་མིན། སྤངས་རྟོགས་ཀྱི་ཡོན་ཏན་གང་ཡོད་ཅེས་དྲིས་པ་ཡིན་ཞེས་གསུངས། སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཞབས་འབྲིང་དེ་དག་ལ་བཤད་རྒྱུ་མེད་པར་ལུས།

༼ལར་འདོད་ཡོན་ལྔ་པོ་འདི་དག་ཞེས་པ་ནས་ཆོོས་ཕྱིས་ཀྱི་འཆོར་བའི་རྒྱུ་ཡིན་ཞེས་པའི་བར་གྱི་རྩ་ཚིག་འདོན་པར་མཛད།༽ དེ་ནི་ཆོས་པའམ་ནང་པ་ཞིག་གིས་གཞན་སེམས་ཅན་ལ་ཕན་འདོགས་ཚེ་ཚུར་བཀའ་དྲིན་དང་བཟང་ལན་འཇལ་ནའང་དེར་མི་འདོད་པའི་བློ་ཞིག་སྐྱེ་དགོས། གཞན་ལ་ཕན་འདོགས་སྒྲུབ་རྒྱུ་དེ་གཞན་རང་ལ་ཕན་འདོགས་པ་ལས་དེ་ལ་ངོ་སོ་དང་བཀའ་དྲིན་དྲན་པ་སོགས་བྱུང་ན་སྙམ་པའི་བློ་མེད་པ་ཞིག་དགོས་ངེས་ཡིན། མཐའ་ན་སོ་སོས་གཞན་ལ་ཕན་འདོགས་པའི་ཚེ་ལན་ལ་རེ་བ་མེད་པ་དང་ཕ་རོལ་པོས་མ་ཤེས་པའི་སྒོ་ནས་སྒྲུབ་དགོས། གང་ཡིན་ཞེ་ན། ཕ་རོལ་པོས་ཤེས་ན་ཚར་དང་པོ་དེ་ལ་སེམས་དགའ་ཡང་ཚར་གཉིས་པར་གཞན་གྱིས་བདག་ལ་དེ་ལྟར་བྱས་པས་བཀའ་དྲིན་ཇི་ལྟར་འཇལ་ཞེས་སེམས་སྡུག་ཀྱང་འབྱུང་ཉེན་ཆེ། རང་ལའང་ལན་མ་བྱུང་ན་ཁོང་ཁྲོ་ལངས་ནས་རང་གཞན་གཉིས་ཀ་འཁྲུགས་པའི་རྒྱུར་འགྱུར། དཔེར་ན། སྤྱི་ཚོགས་ནང་དང་པོ་ཕ་མ་རྣམས་ཀྱིས་སོ་སོའི་བུ་དང་བུ་མོར་བྱམས་བརྩེ་ཆེན་པོས་ལེགས་པར་བསྐྱངས། མཐར་གྱི་རེ་བར་རྒས་དུས་གཡོག་ལེགས་པར་བསྒྲུབ་ཡོང་སྙམ་པའི་རེ་བ་ཞིག་བྱས། མཐར་དེ་ལྟར་མ་བྱུང་བས་སྡུག་བསྔལ་ཆེན་པོའི་ནང་ལྷུང་བ་དུ་མ་ཡོད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཞན་ལ་ཕན་འདོགས་སྒྲུབ་རྒྱུ་ནི་དེ་དག་རྣམས་ཀྱི་འགན་འཁྲི་ཞིག་དང་། སྒྲུབ་འོས་པའི་བྱ་བ་ཞིག་ཡིན་པས་ལན་ལ་རེ་བ་ནམ་ཡང་བྱ་རྒྱུ་མེད།

༼ཡང་ཆོས་པ་ཀུན་ནས་རྒས་ཁར་སྡུག་དོགས་མེད་ཅེས་པའི་བར་རྩ་ཚིག་འདོན་གནང་མཛད།༽ དེ་ནི་སྤྱིར་གོ་བདེ་བ་ཞིག་ཡིན། ང་ཚོ་ཆོས་པ་ཀུན་དམ་པའི་ཆོས་ལ་བློ་གཏད་ལིང་སྐྱུར་ཞིག་བྱེད་ཀྱི་མེད། བློ་གཏད་ལིང་སྐྱུར་གྱི་བློ་དེ་མ་སྐྱེས་པས་ནོར་ལོངས་སྤྱོད་མེད་ཚེ་འཆི་དུས་སྡུག་བསྔལ་ཞིག་འབྱུང་ཡོང་སྙམ་ནས་ནོར་གསོག་པ་དང་། མི་གཞན་ལ་ངོ་སོ་བྱ་བ་དང་། ཕུགས་རྟེན་བྱ་བ་སོགས་འདྲ་མིན་སྣ་ཚོགས་ཞིག་བྱེད་ཀྱི་ཡོད། ཕུགས་རྟེན་ནི་ཨིན་ཇིའི་ནང་ ( Insurance ) ལ་བསྒྱུར་ཡོད།  དེ་ནི་ཆོས་ལ་ངེས་ཤེས་མ་སྐྱེས་པའི་དབང་གིས་ཡིན། དེས་ན་ཆོས་ཉམས་ལེན་ཚུལ་བཞིན་དུ་སྒྲུབ་ན་དེ་ལྟའི་དཀའ་ངལ་མི་དགོས།

༼ལར་གྱིས་རྒས་རྒས་སུ་སྡོད་ཞེས་པ་ནས་སུས་བཟོད་དམ་སྙམ་ཞེས་པའི་བར་རྩ་ཚིག་འདོན་པར་མཛད།༽ དེའི་དོན་ནི་ང་ཚོ་ཆོས་པ་རྣམས་རྒས་འཁོགས་མ་གྱུར་ཀྱི་བར་འཚོ་བའི་གདེང་ཚོད་དང་། དེའི་སྐབས་ཕན་ཡོང་སྙམ་པའི་རེ་བ་བྱེད་བཞིན་ཡོད། དེར་བལྟས་ན་ཚེ་ཕྱི་མའི་ལས་དོན་སྒྲུབ་ཡོང་སྙམ་པ་འདུག་མོད། འོན་ཀྱང་དེ་ལྟར་མི་བྱེད་པར་ཚེ་འདི་ཁོ་ན་དོན་གཉེར་བྱས་ཏེ། ཚེ་འདིའི་སྡུག་བསྔལ་འདི་ཉིད་རང་གཅིག་པུ་དང་། ཚེ་ཕྱི་མའི་སྡུག་བསྔལ་དེ་གཞན་ལ་མ་གཏོགས་རང་ཉིད་ཀྱིས་མྱོང་མི་དགོས་པའི་ཚོར་སྣང་འདུག །

༼ ཁ་ཅིག་ཆོས་བྱེད་པ་ལ་ཞེས་པ་ནས་སྙིང་ལ་དྲན་ཚད་བྱེད་ཅེས་པའི་བར་གྱི་རྩ་ཚིག་འདོན་པར་མཛད།༽ དེ་ནི་མི་འགའ་ཞིག་ཆོས་སྒྲུབ་སྙམ་ནའང་ཆོས་རྒྱགས་མི་འདུག་ཅེས་ཆོས་མི་སྒྲུབ་པ་དུ་མ་ཞིག་ཡོད། འོན་ཏང་སྡིག་པ་བྱེད་དུས་སྡིག་རྒྱགས་མི་འདུག་ཅེས་ཕྱིར་འགྱངས་མེད་པར་སྡིག་པ་སྒྲུབ་རྐྱང་བྱེད་ཀྱི་ཡོད། དེ་ལ་ཁྱིམ་ཆུང་སྤངས་ནས་ཁྱིམ་ཆེན་འཛིན་ཞེས་པ་ནི་དང་པོ་ཁྱིམ་སྤངས་ནས་རབ་ཏུ་བྱུང་། དེ་ནས་རྒྱལ་པོ་བཞིན་རྒྱུ་ནོར་ལོངས་སྤྱོད་འཛིན་ནས་གནས་པ་དེ་ཡིན། དེ་ནི་ནས་ལ་ཞེན་པ་ལོག་ནས་འབྲས་ལ་ཆགས་པ་སྐྱེས་པ་དང་མཚུངས། རབ་ཏུ་བྱུང་བ་ཞེས་པ་ནི་སྐྲ་དང་ཁ་སྤུ་བྲེགས་པ་ཙམ་གྱིས་རབ་ཏུ་བྱུང་བ་ཞིག་ཏུ་མི་འགྱུར། རབ་ཏུ་བྱུང་བ་ཞེས་པ་ནི་འཁོར་བ་ལ་ངེས་བྱུང་སྐྱེས་ནས་ཐར་པ་དོན་དུ་གཉེར་བ་ཞིག་དགོས་པ་ཡིན། དེ་ལྟར་བྱུང་ན་དོན་གྱི་རབ་བྱུང་ཞིག་ཏུ་གྱུར། ཁྱིམ་པ་དང་སེར་མོ་གཉིས་ཀ་སུ་ཡིན་ཡང་འཁོར་བ་ལས་ངེས་པར་འབྱུང་དགོས་པ་གཅིག་མཚུངས་ཡིན། ཁྱད་པར་དུ་རབ་ཏུ་བྱུང་བ་རྣམས་ནི་ཉེས་སྤྱོད་སྡོམ་པ་ཁྱིམ་པ་རྣམས་ལས་ལྷག་པ་ཞིག་དགོས་ཀྱང་དེང་སང་ནི་ཁྱིམ་པ་ལས་ཀྱང་བདག་འཛིན་ཆེ་བ་དང་། ཁྱིམ་པ་ལས་ཀྱང་ཞེ་སྡང་དང་ཕྲག་དོག་སོགས་ཉོན་མོངས་ཆེ་རུ་འགྲོ་བ་ནི་ཆོས་ལྟར་སྣང་ཡིན། སྣང་ཚུལ་ལ་ཆོས་ལྟར་སྣང་ཡང་དོན་དུ་ཆོས་རྣལ་མ་ཞིག་མིན། ཆོས་ཉམས་ལེན་པ་རྣམས་སེམས་ཤུགས། ཡིད་ཆེས། སྙིང་རུས་རྣམས་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་བྱུང་ན་ཆོས་རྒྱགས་མི་ཐོབ་སྙམ་པའི་དཀའ་ངལ་ནམ་ཡང་མི་བྱུང་། དཔེར་ན། རྗེ་བཙུན་མི་ལ་རས་པ་ལྟ་བུ་སྟེ། ཁོང་སེམས་ཤུགས་དང་བློ་ཁོག་རྣམས་གཞན་དང་མི་འདྲ་བ་ཞིག་གིས་སྒོ་ནས་ཕེབས་པ་ཡིན།

༼དགེ་བཤེས་ཀུན་གཞན་ལ་ཞེས་པ་ནས་དེ་རང་གིས་གཏམ་གོད་བསྐྱལ་བ་ཡིན་ཞེས་པའི་བར་གྱི་རྩ་ཚིག་འདོན་གནང་མཛད།༽ དེ་སྐབས་དགེ་བཤེས་ཞེས་པ་ནི་སྔོན་བཀའ་གདམས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཡིན། ད་ལྟ་གདན་ས་ཁག་རྣམས་ཀྱི་དགེ་བཤེས་གཏོང་བ་ལྟ་བུ་མ་ཡིན། སྔོན་བཀའ་གདམས་ཀྱི་དགེ་བཤེས་འགའ་ཡོན་བདག་རྣམས་ལ་ཡོན་བཤད་བྱེད་ཚེ་ལོངས་སྤྱོད་རྣམས་སྙིང་པོ་མེད་པའི་ཚུལ་རྒྱས་པར་བཤད་མོད། འོན་ཏང་རང་ཉིད་བློ་ཕུག་ནོར་ལ་གཏད་དེ་གནས་འདུག །དེ་ནི་ཤིན་ཏུ་ངོ་ཚ་དགོས་པའི་གནས་ཡིན། གང་ལགས་ཞེ་ན། གཞན་ལ་ལོངས་སྤྱོད་སྙིང་པོ་མེད་པའི་སྐོར་བཤད་ནས་རང་ཉིད་ཟང་ཟིང་ནོར་ལ་ཡི་དམ་དུ་བྱས་པས་སོ། མདོར་ན་དེ་ལྟ་བུ་ནི་ཁ་ནས་བཤད་པ་དང་ལག་ལེན་གཉིས་རྒྱབ་འགལ་ཏུ་གྱུར་ཡོད། དཔེར་ན་ཁྱི་ཞིག་འབོད་ཚེ་ཟན་ལྟ་བུ་ཞིག་བསྟན་ནས་འབོད་དགོས་པ་ལས་རྒྱུག་པ་བསྟན་ན་བྲོས་འགྲོ། དེ་བཞིན་རང་ཉིད་ཀྱིས་ཁ་ནས་བཤད་པ་བཞིན་ལག་ཏུ་མི་ལེན་ན་གཞན་ཡང་མི་ཉན། དཔེར་ན། དེང་སང་ང་ཚོ་ཕྱི་རྒྱལ་དུ་བསྐྱོད་ཚེ་མི་མང་པོ་ཞིག་འདུས་ཕྱིར་ཁྱབ་བསྒྲགས་གཏོང་གི་ཡོད། དེ་བཞིན་སྔོན་ཚར་གཅིག་ཁྱབ་བསྒྲགས་ཞིག་གི་ནང་སློབ་གྲྭ་ཆེན་མོའི་ཡིག་རྒྱུགས་ལོན་ཕྱིར་འཇམ་པའི་དབྱངས་ཀྱི་དབང་སྩལ་རྒྱུ་ཡིན། དེས་ན་དབང་དེ་ཐོབ་ན་ཡིག་རྒྱུགས་ལེགས་པར་འཕྲོད་པས་དབང་ཞུ་བར་ཤོག་ཅེས་ཁྱབ་བསྒྲགས་བཏང་འདུག །དེ་བཞིན་ཡང་འགའ་ཞིག་ལ་དཔལ་འབྱོར་དཀའ་ངལ་འཕྲད་ཚེ་དཔལ་འབྱོར་ལེགས་པོ་ཡོང་སླད་འདིར་ཛམྦྷ་ལྷའི་དབང་སྩལ་རྒྱུ་ཡིན། དེ་ཐོབ་ན་དཔལ་འབྱོར་རྒྱས་པས་དབང་ཞུ་བར་ཤོག་ཅེས་ཁྱབ་བསྒྲགས་བཏང་འདུག་ཟེར། མདོར་ན་གཞན་ལ་བཤད་པ་བཞིན་རང་གིས་ལག་ཏུ་ལེན་ན་དེ་ཉིད་ལ་རིན་ཐང་དང་ལྗིད་ཁོག་ཡོད།

འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་རྒྱལ་བ་ལོ་རས་པས། འཁོར་སྟོང་ཚོ་མང་པོ་འདུས་ཀྱང་འགྲོ་དོན་ཆེར་མ་སོང་། སློབ་མ་གཅིག་ཙམ་མ་གཏོགས་མ་འདུས་ཀྱང་འགྲོ་དོན་ཆུང་དུ་མ་སོང་ཞེས་གསུངས་ཡོད། དེ་ནི་སྟོང་ཉིད་སྙིང་རྗེ་སྒོམ་པའི་དོན་ཡིན། སྟོང་ཉིད་སྙིང་རྗེ་སྒོམ་ན་སེམས་ཅན་གཅིག་ཙམ་ལ་ཕན་ཐོགས་ཀྱང་འགྲིག དེ་ལྟའི་ཉམས་ལེན་མེད་པར་འཁོར་སློབ་སྟོང་ཚོ་དུ་མ་འདུས་ཀྱང་ཕན་ཐོགས་པར་དཀའ། གཞན་དོན་སྒྲུབ་ནུས་དང་མི་ནུས་ནི་ལྷག་བསམ་ཡོད་མེད་ལ་རག་ལུས་པ་ཡིན། དེ་ཉམས་མྱོང་གི་སྒོ་ནས་བཤད་ན། གཞན་ཕན་ལྷག་བསམ་རྣམ་དག་གི་སྒོ་ནས་དཔེ་དེབ་ཅིག་རྩོམ་ན་གཞན་ལ་ཕན་ཐོགས་ཆེན་པོ་སྒྲུབ་ནུས་པ་དང་། ཡང་འགའ་ཞིག་གིས་པོ་ཏི་ཆེན་པོ་ཞིག་བརྩམས་ཀྱང་གཞན་ལ་དེ་ཙམ་ཕན་མི་ཐོགས་པ་དུ་མ་ཡོད།

དེ་རིང་ཆིག་ལབ་རིང་མོའི་བཀའ་ཆོས་དེ་ཙམ་དུ་མཚམས་འཇོག་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་ཏོ། དེ་ནས་ལམ་རིམ་སྨོན་ལམ་གསུངས་ཤིང་འདུས་པ་ཀུན་སྐར་ཆ་འགར་བསམ་གཏན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ  །

ཀརྨ་ཚེ་རིང་ནས་ཕབ།

          

ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་མཐའ་མའི་མཇུག་ཏུ་དབུགས་འབྱིན་རྔུབ་དང་འབྲེལ་བའི་སྒོམ་གྱི་ཁྲིད་སྐོར།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ ཉིན་དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོའི་བཀའ་ཆོས་ཀྱི་མཇུག །ལམ་རིམ་སྨོན་ལམ་གསུངས་ཟིན་པའི་རྗེས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་དབུགས་འབྱིན་རྔུབ་དང་འབྲེལ་བའི་སྒོམ་གྱི་སྐོར་བཀའ་སྩལ་བ་འདི་ལྟར། དེ་རིང་དབུགས་འབྱིན་རྔུབ་ཀྱི་སྒོམ་བྱ་རྒྱུ་དེ་ཡིན།  སྒོམ་གྱི་སློབ་སྦྱོང་དེ་ཙམ་མེད་པའི་ལས་དང་པོ་བ་རྣམས་ལ་ལས་སླ་ཤོས་དབུགས་འབྱིན་རྔུབ་ཀྱི་སྒོམ་བྱ་རྒྱུ་དེ་ཡིན། སྒོམ་རྒྱབ་པའི་ཚེ་ན་ཇི་སྐད་དུ། འདས་པའི་རྗེས་སུ་མི་འབྲངས། མ་འོངས་པའི་མདུན་མི་བསུ་ཞེས་གསུངས་པ་བཞིན། འདས་པའི་རྣམ་རྟོག་རྣམས་ཀྱི་རྗེས་སུ་མི་འབྲངས་ཤིང་མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ་བར་ད་ལྟའི་གནས་སྟངས་དབུགས་འབྱིན་རྔུབ་ལ་དྲན་པ་གཏད་ནས་སྒོམ་དགོས།

དེ་སྐབས་དཔེར་ན། དབུགས་འབྱིན་རྔུབ་ཀྱི་སྒོམ་བྱ་རྒྱུ་དེ་དམིགས་བསལ་ཞིག་ཏེ། སྤྱིར་ནམ་རྒྱུན་ང་ཚོས་དབུགས་གཏོང་རྒྱུ་དེ་གནས་སྟངས་དམིགས་བསལ་བ་ཞིག་མིན། དེས་ན་སྐབས་རེ་ང་ཚོ་རང་ཉིད་དབུགས་འབྱིན་རྔུུབ་བྱེད་ཀྱི་ཡོད་མིན་མི་ཤེས་པར་དྲན་པ་བརྗེད་བཞིན་ཡོད། གལ་ཏེ་དབུགས་དེ་ཉིད་མེད་པ་ཡིན་ན་སོ་སོ་འཇིག་རྟེན་འདིར་ཉིན་གཅིག་ཀྱང་འཚོ་མི་ཐུབ། དེ་ལྟ་བུའི་དབུགས་དེ་ཡང་ཉིན་གཅིག་ཙམ་དང་། ཟླ་བ་གཅིག་ཙམ་དང་། ལོ་གཅིག་ཙམ་ཞིག་མ་ཡིན་པར་མ་ལས་སྐྱེས་པ་ནས་བཟུང་དབུགས་དེ་ཡོད་པ་དང་། དེ་འབྱིན་རྔུབ་བྱེད་བཞིན་པ་ཡོད། དབུགས་དེ་ཡང་དངོས་པོ་གཞན་ཞིག་ལ་བརྟེན་ནས་བྱུང་དགོས་པ་ཞིག་སྟེ། དེ་ཡང་དེང་སང་ཚན་རིག་པས་བཤད་པ་ལྟར་ན་གཞན་རྩི་ཤིང་ནགས་ཚལ་ལ་བརྟེན་ནས་འབྱུང་གི་ཡོད་ཅེས་བཤད། དེེས་ན་གོང་བཞིན་ལེགས་པར་བསམ་གཞིགས་བྱས་ན་ད་ལྟ་ང་ཚོ་ལ་དེ་ལྟ་བུའི་དབུགས་འབྱིན་རྔུུབ་བྱེད་བཞིན་ཡོད་པ་དེ་སྐལ་བ་བཟང་པོ་ཞིག་དང་གོ་སྐབས་བཟང་པོ་ཞིག་ཡོད་པ་དྲན་ཐུབ་པ་ཞིག་ཡོང་། དེ་ཙམ་གྱིས་ཀྱང་སོ་སོའི་སེམས་ལ་ཞི་བདེ་ཚད་མེད་སྐྱེས་ཐུབ།

དེ་བཞིན་མི་རྟག་པ་སྒོམ་ཞེས་བརྗོད་ཚེ་མི་མང་པོ་ཞིག་གིས་ང་འཆི་འོང་སྙམ་པའི་འཇིགས་སྣང་བྱེད་པ་དེ་མི་རྟག་པ་སྒོམ་པ་ཡིན་ཞེས་བཤད། མི་རྟག་པ་སྒོམ་ཞེས་པ་ངེས་པར་དུ་གོང་བཞིན་མི་མཐུན་པའི་ཕྱོགས་ཁོ་ན་ནས་སྒོམ་མི་དགོས་སྙམ། ཕྱོགས་གཅིག་ནས་བཤད་ན་མི་རྟག་པ་ཞེས་པ་དེ་གོ་སྐབས་ཞིག་ཡིན། དཔེར་ན། སྐར་མ་གཅིག་གི་སྔོན་གྱི་བསམ་བློ་དེ་ད་ལྟ་ང་ཚོས་འགྱུར་བ་གཏོང་ཐུབ། དེ་ཡང་མི་རྟག་པ་ཞིག་ཡིན་པའི་རྒྱུ་མཚན་ལས་རྟག་པ་ཡིན་ན་འགྱུར་བ་གཏོང་མི་ཐུབ་པ་དང་། ད་ལྟ་ལྷུང་བཟེད་འདིའི་སྒྲ་ཆེ་ཆུང་ཆགས་འགྲོ་བ་དེ་ཡང་མི་རྟག་པ་ཞིག་ཡིན་པའི་དབང་ལས་འགྱུར་བ་མེད་པའི་ཆོས་ཞིག་ཡིན་ན་དེ་ལྟར་མི་འགྱུར། དེ་བཞིན་གླིང་བུ་ཞིག་འབུད་ཚེ་འགྱུར་བ་མེད་པར་སྒྲ་གཅིག་ཁོ་ན་ཞིག་ལས་མེད་པ་ཡིན་ན་སྙན་པོ་ཞིག་མི་འོང་། གླིང་བུའི་སྒྲ་སྙན་པོ་ཞིག་བྱུང་བ་དེ་ཡང་མི་རྟག་པ་ཡིན་པའི་རྒྱུ་མཚན་གྱིས་སོ། དེས་ན་སྐར་ཆ་རེ་རེ་ལ་གོ་སྐབས་གསར་པ་རེ་རེ་ཡོད་པ་དང་། དེ་ལྟར་གོ་སྐབས་རྣམས་སོ་སོས་ཆུད་ཟོས་སུ་མ་བཏང་བར་ལེགས་པར་དམ་འཛིན་བྱས་ནས་ཆོས་བྱ་དགོས་ཞེེས་གསུངས་སོ། །  

ཀརྨ་ཚེ་རིང་ནས་ཕབ།

བཀའ་བརྒྱུད་སྨོན་ལམ་གྱི་ཚོགས་མི་རྣམས་ལ་སྩལ་བའི་བཀའ་སློབ།

ཕྱི་ལོ་༢༠༡༧ ཟླ་༢ ཚེས་༡༥ ཉིན་གཏེར་སྒར་འདུ་ཁང་ནང་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པར་ཚོགས་ཞུགས་མཛད་པའི་ཚོགས་མི་ཆིག་སྟོང་བཞི་བརྒྱ་བརྒལ་བ་འཛོམས་འདུག་ཅིང་། དེ་དག་གི་ཡིད་རེ་སྐོང་ཕྱིར་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གུང་ཡོལ་དུས་ཚོད་གསུམ་པ་ཙམ་ལ་འདུ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་ཕེབས་གསལ་དུ། དེ་རིང་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པར་ཕེབས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། བཀའ་བརྒྱུད་སྨོན་ལམ་ཚུགས་ནས་ད་བར་ཐེངས་སོ་བཞི་པ་ཡིན། དེས་ན་སྨོན་ལམ་རིམ་པ་བཞིན་དུ་སྨོན་ལམ་གྱི་ཚོགས་མི་རྣམས་ཀྱང་གོང་དུ་འཕེལ་བཞིན་མོད། སྤྱིར་བཏང་ངོས་རང་ཐོག་མར་སྨོན་ལམ་དུ་སླེབས་སྐབས་མ་ཧཱ་ཡ་ནའི་མགྲོན་ཁང་དུ་འདུག་བཞིན་ཡོད། དེ་སྐབས་མ་ཧཱ་ཡ་ནའི་ཤོད་དུ་ཚོགས་ཁང་ཞིག་ཡོད་པར་དེའི་ནང་ཚོགས་བཞིན་ཡོད་པས་སྐབས་དེར་ཚོགས་ཁང་དེ་ཉིདཆེན་པོ་ལྟ་བུར་སྣང་། དེ་མཇུག་ཞེ་ཆེན་དགོན་པར་བསྡད་དེ་སྨོན་ལམ་ཚོགས་མི་རྣམས་ཞེ་ཆེན་དགོན་པའི་འདུ་ཁང་ནང་ཚོགས་པ་དང་། དེའི་ནང་དུག་སྦྲང་ཡང་ཧ་ཅང་ཤས་ཆེ་མོད། དེ་རྗེས་ཐ་ཡི་དགོན་པར་ཚོགས། དེ་ནས་གཏེར་སྒར་དགོན་དུ་ཐོག་མར་ཚོགས་ཤིང་སྐབས་དེར་འདུ་ཁང་ནང་མི་ཤོང་བ་མེད་སྙམ་ལྟ་བུར་ཚོར། དེ་རྟིང་བཀའ་བརྒྱུད་སྨོན་ལམ་ཆོས་ར་གསར་བཞེངས་མཛད་ནས་དེའི་ནང་དུ་མི་ཆིག་ཁྲི་ཙམ་ཤོང་བས། དེར་མི་ཤོང་བ་ནམ་ཡང་མེད་སྙམ་པ་ལྟ་བུ་བྱུང་ཡང་། ཉེ་ཆར་བདེ་མཆོག་དབང་སྐབས་དེ་ཡང་ཆུང་དྲགས་པ་ལྟ་བུར་གྱུར་ཏེ་རིམ་པས་འཕེལ་སྐྱེད་འགྲོ་བཞིན་ཡོད་པས། ལོ་རེ་བཞིན་ཚོགས་མིའི་གྲངས་ཀྱང་ཇེ་མང་དུ་འགྱུར་བཞིན་ཡོད་པ་མ་ཟད་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ལྔ་བཅུ་ཙམ་ནས་མི་སྣ་འདྲ་མིན་དུ་མ་སླེབས་ཡོད། སྤྱིར་གྲངས་ཀ་མང་བ་ཁོ་ན་གཙོ་ཆེ་བར་མི་འགྱུར་ཞིང་། གཙོ་བོ་རང་རེ་ཐམས་ཅད་ཀྱིས་འཛམ་གླིང་ཞི་བདེ་ཡོང་བའི་ཕྱིར་དུ་སྨོན་ལམ་འདོན་བཞིན་པ་དང་། དེ་ཉིད་དོན་དང་ལྡན་པ་ཞིག་ཏུའང་འགྱུར་བཞིན་ཡོད། དེ་ཡང་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྨོན་ལམ་ནང་། ཡུལ་དང་སྐད་རིགས་མི་གཅིག་པ། །མི་རིགས་རྣམ་པ་སྣ་ཚོགས་པ། །བདེ་སྐྱིད་ཡང་ཡང་འདིར་ཚོགས་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །ཅེས་ཐུགས་སྨོན་མཛད་པ་ཇི་བཞིན་ད་ལྟ་མཐོང་ཆོས་སུ་གྲུབ་ཡོད། དེ་ལྟར་སྨོན་ལམ་འདེབས་སྐབས་སེམས་ཅན་ཐམས་ཅད་དམིགས་འོག་ཏུ་བཅུག་སྟེ་དེ་དག་མ་ལུས་བདེ་སྐྱིད་ཡོང་བ་དང་། རྒྱལ་བསྟན་དར་ཞིང་རྒྱས་པའི་ཕྱིར་དུ་སྨོན་པའི་སེམས་བསྐྱེད་རྒྱ་ཆེན་པོ་བྱ་དགོས། དེ་ཡང་དཔེར་ན། ད་ལན་བོད་ནས་གནས་སྐོར་དུ་མཆོད་མཇལ་ཕྱིར་ཡོང་བའི་རྒན་རྒོན་འགའ་ཞིག་གིས་བླ་མ་རྩ་ཆེན་རྣམས་མཇལ་སྐབས་དེ་དག་གིས་སྙིང་ཐག་པ་ནས་མིག་ཆུ་དང་བཅས་ཏེ་འཛམ་གླིང་ཞི་བདེ་ཡོང་བ་དང་། སངས་རྒྱས་ཀྱི་བསྟན་པ་དར་བའི་ཐུགས་སྨོན་མཛད་རོགས་ཞེས་བརྗོད་མཁན་དེ་འདྲ་དུ་མ་ཡོང་བཞིན་འདུག་པས། དེ་དག་ནི་རང་དོན་གྱི་འཁྲི་བ་དང་མ་འདྲེས་པའི་སྨོན་ལམ་མཚན་ཉིད་པ་ཡིན། སྤྱིར་བསམ་པ་དེ་ལྡན་ཀུན་ལ་འཆར་དཀའ་བ་ཡིན་ན། དེ་ལྟར་མཐོང་སྐབས་མ་འོངས་པར་གང་ལེགས་འབྱུང་བའི་གཞི་རྩའམ་ས་བོན་ལེགས་པོ་ཞིག་འདུག་སྙམ་པའི་ཚོར་བ་བྱུང་། དེས་ན་སྨོན་ལམ་གྱི་ཚོགས་མི་རྣམས་ལ་རང་ཉིད་ཀྱི་མི་ཚེའི་ནང་གཞན་དང་མི་མཚུངས་པའི་སྨོན་ལམ་འདེབས་དགོས་པ་དང་། དེ་ཡང་རང་ཁོ་ནའི་སླད་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་འདེབས་དགོས་པ་འདི་ཤིན་ཏུ་གནད་ཆེ། མ་གཞི་ཁྱེད་རང་ཚོ་སྨོན་ལམ་གྱི་ཚོགས་མི་རྣམས་ད་ལན་སྨོན་ལམ་ཐེངས་སོ་བཞི་པར་ཚོགས་པ་དེ་ཧ་ཅང་དགའ་པོ་བྱུང་། དེ་བཞིན་སྨོན་ལམ་གྱི་ཞབས་ཏོག་སྒྲུབ་པར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་པ་དང་ཆབས་ཅིག་འཐུས་མི་ཡོངས་ལ་མཇལ་ཁ་དང་ལྷན་དད་རྟེན་གྱི་དོད་དུ་ (ནམ་ཡང་བདེ་) ཞེས་པའི་ཤོག་ལྷེ་ཕྱག་བྲིས་ཕྱག་བསྟར་མ་རེ་སྩལ་བའི་གནས་ཚུལ་སྙིང་བསྡུས་སུ།
བསྟན་འཛིན་རྣམ་རྒྱལ་ནས་ཕབ།

20170215PM_Audience with Kagyu Monlam Members