མགོན་མེད་སྙིགས་མའི་དུས་ཀྱི་མགོན་དང་སྐྱབས་ཀྱི་དཔུང་། །
དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དཔལ། །
གཅིག་ཏུ་བསྡུས་པའི་རང་གཟུགས་རྒྱལ་དབང་ཀརྨ་པ། །
ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །
ཞེས་༧རྒྱལ་དབང་མཆོག་ལ་སྒོ་གསུམ་གུས་ཕྱག་གིས་མདུན་བསུས་ཏེ།
རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག། དོན་རྒྱུད་རྟོགས་པ་འཕོས་པའི་མཉམ་མེད་དྭགས་བརྒྱུད་ཀྱི་བསྟན་པའི་སྲོག་ཤིང་། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་རྒྱ་མཚོ་ལས་ཟབ་པའི་བླ་ན་མེད་པའི་དགོངས་བཞེད་དང་། ཟླ་མེད་ཕུལ་བྱུང་གི་ཕྲིན་ལས་ཀྱི་ཉི་ཟེར་འོག་ནས་ལོ་ལྟར་བཞིན་བྱམས་བརྩེའི་ས་བོན་ཁྱབ་ནས། འཛམ་གླིང་འདིར་འཚེ་མེད་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པ་ཐུབ་པ་སོགས། བསྟན་པ་སྤྱི་དང་བྱེ་བྲག་དུ་མར་དམིགས་ཏེ་བཀའ་བརྒྱུད་སྨོན་ལམ་འཚོགས་བཞིན་མཆིས་པ་ལྟར།
འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོའི་ཐོག་མ་དགེ་བར་༧དཔལ་ལྡན་དུས་གསུམ་མཁྱེན་པའི་འདས་མཆོད་དང་། ལས་སྨོན་སྐལ་པ་བཟང་པོས་སྒྲུབ་བརྒྱུད་བསྟན་པའིི་སྟོན་པ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་བླ་སློབ་ཀྱི་ངོ་བོར་བཞེས་ནས་དད་དམ་གཡོ་བ་མེད་པའི་མངའ་རིས་མི་དམངས་ཡོངས་ཀྱི་ཐུགས་འདོད་ལྟར། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཇི་ལྟར་གསོལ་བ་འདེབས་པ་ལྟར་༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་བོད་འབངས་ཡོངས་ཀྱིི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་། ༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོའི་དོན་ཆེན་འབའ་ཞིག་སྒྲུབ་ནས་དགུང་གྲངས་ཧྲིལ་པོ་དགུ་བཅུ་ཕེབས་པའི་སྐུའི་གོ་སྟོན་གྱི་ཆ་ཤས་སུ་དབུས་བོད་མི་སྒྲིག་འཛུགས་ནས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་དགོངས་བཞེས་ལ་ཕྱར་གྲུ་མཉམ་འདེགས་དང་བོད་མི་རང་རང་གི་འགན་འཁྲིས་སུ་དམིགས་ནས། མགོན་པོ་གང་ཉིད་སྐུ་ཚེ་མི་འགྱུར་འཆི་མེད་ཚེ་ལྷའི་ངོ་བོར་བཞུགས་པའི་དོན་དུ་སྐུ་ཕྱཱའི་ཞབས་རིམ་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱིས་ཐོགས་དྲངས་ཏེ། རྒྱ་བལ་འབྲུག་གསུམ་དུ་གཏན་བཞུགས་གནང་བའི་བཀའ་བརྒྱུད་དགོན་སྡེ་བཞི་བཅུ་ལྷག་ནས་ཕེབས་པའི་དགེ་འདུན་བཙུན་པ་དང་བཙུན་མ་སྟོང་ཚོ་གསུམ་ལ་ཉེ་བས་གུ་རུ་འབུམ་ཚོགས་འཚོགས་བཞིན་ཡོད།
ཕྱི་དྲོའི་ཚོགས་ཐུན་གཉིས་པ་ལ་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་མཛད་པའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན་གྱི་བླ་སྒྲུབ་འཚོག་པའི་སྒོ་ནས་ཀརྨ་པ་དུས་གསུམ་མཁྱེན་པའི་འདས་མཆོད་སྲུང་བརྩི་གནང་། དེ་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་ནི་ཀརྨ་པའི་སྐུ་ཕྲེང་དང་པོ་དེ་ཡིན་ལ། དམ་པ་ཁོང་ནི་སྐུ་ན་ཆུང་དུས་ནས་རྟགས་མཚན་མ་ཁྱད་པར་ཅན་གྱི་དམ་པའི་ངང་ཚུལ་ལྡན་ཞིང་རིགས་སད་པའི་སྐྱེས་བུ་ཁྱུ་མཆོག་ཞིག་ཡིན་པས། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་སུ་རྔོག་ལོ་ཙཱ་བའི་སློབ་མ་མཆོག་གི་བླ་མས་མཁན་པོ་དང་། ཆག་སེང་གེ་གྲགས་ཀྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ནས། དེ་ཡང་ཇི་སྐད་དུ། ང་ནི་མྱ་ངན་འདས་གྱུར་ན། ། འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། ། རང་བྱུང་ཉིད་ཀྱིས་གུས་བཅས་པར། ། ནན་ཏན་དགེ་སློང་ཚོགས་དབུས་བསྟོད། །ཅེས་སྟོན་མཆོག་ཐུབ་པ་ཉིད་ཀྱིས་སྟོོན་པའི་བདག་ཉིད་དུ་ལུང་བསྟན་ནས་ཆེས་ཆེར་བསྔགས་པའི་གནས། སྟོན་པ་དང་བསྟན་པ་གཉིས་ཀྱི་བདག་ཉིད་དུ་བཞུགས་པའི་དམ་ཆོས་འདུལ་བ་དང་བཀའ་གདམས་པའི་གདམས་པ་འགའ་གསན་སྦྱོང་ལེགས་པར་མཛད་ནས། དགུང་ལོ་བཅུ་དགུ་སོན་སྐབས་སུ་དབུས་ཕྱོགས་སུ་ཕེབས་ནས་ཕྱ་པ་ཆོས་སེང་། པ་ཚབ་ཉི་མ་གྲགས་པ་སོགས་མཁས་གྲུབ་མང་པོའི་སྐུ་མདུན་ནས་གསན་སྦྱོང་མཐར་ཕྱིན་པ་མཛད། མལ་འདུལ་འཛིན་པས་མཁན་པོ་དང་། ཡེ་ཤེས་བློ་གྲོས་ཀྱིས་སློབ་དཔོན། མཁན་པོའི་གཅུང་གིས་གསང་སྟོན་མཁན་པོ་མཛད་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སུམ་ཅུ་ཐོག་དྭགས་པོ་ཁུ་དབོན་མཇལ་ནས་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན་ནས་སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་ནས་མཐར་དགུང་ལོ་བརྒྱད་ཅུ་རྩ་བཞི་ལ་ཕེབས་སྐབས་སུ་སྐུ་གསུམ་གྱི་མཛད་ཕྲིན་མ་ལུས་པ་རྫོགས་ཏེ། གཟུགས་སྐུ་ཡི་བཀོད་པ་ཐུན་མོང་གདུལ་བྱའི་སྣང་ངོ་ནས་ཡོངས་སུ་བསྡུས་པའི་ཚུལ་བསྟན་ཏེ། དག་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལགས། མདོར་ན། བོད་གངས་ཅན་ལྗོངས་སུ་མཁས་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པའི་ཁྲོད་ནས་ཉི་ཟླ་ལྟར་གསལ་བའི་དཔལ་ལྡན་དུས་གསུམ་མཁྱེན་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ནི་སྨྲ་བསམ་བརྗོད་པའི་རྒྱ་དུ་མ་མཆིས་ཀྱང། རྟེན་འབྲེལ་མཚོན་བྱེད་ཙམ་དུ་རྗེ་བཙུན་དམ་པ་ཁོང་གི་རྣམ་ཐར་རྒྱ་མཚོའི་འཇུག་ངོགས་ལ་རྣམ་དག་དད་པའི་ཡིད་ཁ་ཕྱོགས་པས། རྨད་བྱུང་དད་གུས་ཀྱི་རླབས་ཕྲེང་གཡོ་བའི་སླད་དང་། དགོངས་རྫོགས་རྗེས་དྲན་མཆོད་སྟོན་གྱི་རྣམ་དཀར་ཐར་པའི་དགེ་ཚོགས་སུ་དམིགས་ཏེ། བོད་རྒྱལ་ལོ་ ༢༡༥༢ ཟླ་བ་ ༡༡ ཚེས་ ༣ ཉིན་ལ་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་རགས་བསྡུས་པ་གུས་ཉི་མ་དོན་འགྲུབ་ནས་སྦྱར་བར་དགེའོ
































