དཔལ་༸རྒྱལ་དབང་ཀརྨ་པའི་དགོངས་གཞི་ལྟར་དཔལ་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་རིས་མེད་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་འཚོགས་སྐབས་ལོ་ལྟར་སྐྱེ་འགྲོ་རྣམས་ནད་མེད་ཡུན་དུ་འཚོ་ཕྱིར་ཉམ་ཐག་དུད་འགྲོའི་སྨན་བཅོས་དང་། ནད་མནར་བ་ཀུན་ལ་སྨན་བཅོས་ཀྱི་ཕྱིར་སྨན་པ་གདན་དྲངས་ཏེ་རྒྱ་སྨན་དང་བོད་སྨན་གྱི་སྨན་བཅོས་སོགས་རིས་མེད་སྨན་བཅོས་གནང་དང་གནང་བཞིན་ཡོད་པ་ལྟར། རྡ་ས་ནོར་གླིང་ཉེ་འགྲམ་ཁྱུ་གསར་སྨན་ཁང་གི་སྨན་པ་ཁྱུ་གསར་སྐལ་ཆོས་ལགས་དང་ཁོང་གི་སྐུ་ཟླ་ཁྱུ་གསར་རྣམ་རྒྱལ་ལགས་གཉིས་སྔར་ནས་ཡོང་བཞིན་ཡོད་ན་ཡང་། འདི་ལོ་ཁོང་གི་སྐུ་ཟླ་ལས་བྲེལ་གྱིས་ཁོམ་སྐབས་མེད་རྐྱེན་གསོ་རིག་བརྟག་ཐབས་རིག་པ་ཆེད་སྦྱོང་བ་སྨན་པ་སྐྱིད་ལུས་ལགས་ཕེབས་རོགས་ཞེས་རེ་ཞུས་ལྟར་ཁོང་གཉིས་ཕེབས་ཏེ་འདི་གར་བཀའ་བརྒྱུད་སྨོན་ལམ་ཚོགས་ཁང་གི་རྒྱབ་ཕྱོགས་སུ་སྨན་བཅོས་བྱེད་བཞིན་འདུག །སྨན་པ་ལགས་ལ་སྨོན་ལམ་སྐབས་སྨན་བསྟེན་མཁན་ཇི་ཙམ་བྱུང་ཡོད་མེད་དང་། དེ་དག་གི་ན་ཚ་གཙོ་བོ་གང་ཡིན་མིན། ནད་པ་རྣམས་ལ་ཕན་ཐོགས་གང་འདྲ་བྱུང་མིན་བཀའ་འདྲི་ཞུས་པར།
སྨོན་ལམ་སྔོན་འགྲོའི་གསུང་ཆོས་དང་སྨོན་ལམ་དངོས་གཞིའི་སྐབས་སྨན་པར་དངོས་སུ་བསྟེན་མཁན་ནི་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་གཅིག་པུ་མ་ཡིན་པར་རྒྱ་གར་གྱི་ཡུལ་མི། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས། ཐེ་ཝན་དང་མ་ལེ་ཤེ་ཡ། ར་ཤི་ཡ་སོགས་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནས་ཕེབས་པའི་ནད་པ་ཆིག་སྟོང་ལྔ་བརྒྱ་ལྷག་བྱུང་ཡོད་སྐོར་གསུངས་བྱུང་།
དེ་དག་གི་ན་ཚའི་སྐོར་གསུངས་སྐབས་སྤྱིར་ནད་པར་ནད་གཞི་འདྲ་མིན་ཡོད་མོད་ཀྱང་ད་ལྟ་འདིར་སླེབས་མཁན་མང་ཆེ་བ་གྲུམ་བུ་དང་། ཕོ་བའི་ནད་གཞི། མངར་མོའི་ན་ཚ། རྩ་གྲིབ། ཁྲག་ཤེད་ན་ཚ་སོགས་རེད་ཅེས་དང་།
ནད་པ་ལ་ཕན་ཐོགས་གང་འདྲ་བྱུང་མིན་སྐོར་གསུངས་སྐབས།
སྨན་ཁང་འདི་བཙུགས་ནས་བཟུང་ད་བར་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་བྱུང་། སྔར་སྨན་བསྟེན་ཟིན་པ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་སྟེ་ཁོང་ཚོས་ནད་པ་གསར་པ་མང་པོ་ཁྲིད་འོང་བཞིན་འདུག །ཁོང་ཚོས་བོད་སྨན་ཟོས་པ་ཙམ་གྱིས་སྨན་གཞན་ཟོས་པ་དང་མི་འདྲ་བར་གཟུགས་པོ་ཧ་ཅང་བདེ་ཐང་དུ་འགྱུར་བཞིན་འདུག་ཅེས་བརྗོད་མོད། བོད་ཀྱི་སྨན་ལ་བྱིན་རླབས་ཡོད་བསྡད་པ་རེད་འདུག་སྨན་དུས་ཡུན་རིང་ཙམ་སྤྲད་རོགས་གྱིས་བརྗོད་ཀྱི་འདུག །རྒྱལ་ཁབ་གཞན་གྱི་མི་ཡིན་ན་ཡང་བོད་སྨན་ལ་ཧ་ཅང་དགའ་མོས་བྱེད་བཞིན་འདུག །ཁོང་ལ་བསྟེན་གཏུག་བྱེད་མཁན་དངོས་སུ་སྨན་ཁང་ལ་ཡོང་ཁོམ་མིན་ཡོད་མཁན་རྣམས་ཇ་འཐུང་སྐབས་དང་། ཞལ་ལག་མཆོད་སར། ལམ་དུ་བསྐྱོད་སྐབས་སོགས་གང་དུ་ཐུག་ནའང་རྩ་བལྟ་རོགས་ཟེར་བཞིན་འདུག་པས་ཁོ་རང་ཚོའི་རེ་བ་ལྟར་ལྟ་བཞིན་ཡོད་ཅེས་དང་། སྨན་སྤྲད་སྟངས་སྐོར་ནས་རི་ཁྲོད་ལ་བཞུགས་མཁན་རྣམས་ལ་ཟླ་བ་ལྔ། ཐག་རིང་བོད་སྨན་རག་དཀའ་བ་རྣམས་ལ་ཟླ་བ་གསུམ། སྨན་རྩིས་ཁང་གི་ཉེ་སར་ཡོད་མཁན་རྣམས་ལ་ཟླ་བ་གཅིག་དང་གཉིས་བར་སྤྲོད་ཀྱི་ཡོད་སྐད་གསུངས་བྱུང་།
བཅོས་ཐབས་ནི། རྩ་བལྟ་རྒྱུ། ཁབ་རྒྱག་རྒྱུ། འཕུར་མཉེད། ཁ་ཟས་དང་སྤྱོད་ལམ་བསླབ་རྒྱུ་སོགས་ཀྱི་སྐོར་ཡིན་ཞེས་བརྗོད།
སྨན་པ་ལགས་ཀྱིིས་ཁོང་གི་སྨན་ནི་ཡུན་རིང་སོང་བའི་སྨན་རྙིང་ལྟ་བུ་མ་ཡིན་པར་བཀའ་བརྒྱུད་སྨོན་ལམ་སྐབས་སུ་སྨན་སྦྱིན་གྱི་ཆེད་དུ་སྤྱི་ཟླ་བཅུ་གཅིག་པ་ནས་གྲ་སྒྲིག་གིས་སྨན་བཟོས་ཏེ་གསར་པ་གསར་རྐྱང་སྤྲོད་ཀྱི་ཡོད་ཅེས་དང་། དཔལ་༸རྒྱལ་དབང་ཀརྨ་པའི་ཐུགས་རྗེ་བྱིན་རླབས། བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་དམ་པའི་ཆོས་ཀྱི་བྱིན་རླབས་སོགས་ལ་བརྟེན་ནས་ལོ་ཁ་ཤས་ཚུན་ཆད་འདིར་སླེབས་ཏེ་ནད་པར་སྨན་སྦྱིན་གྱིས་ཁོང་ཚོར་ཕན་ཐོགས་ཧ་ཅང་རྒྱ་ཆེན་པོ་བྱུང་ཞེས་གསུངས།
ཐུབ་བསྟན་སྦྱིན་པ་ནས།

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ཚེས་ ༥ སྔ་དྲོའི་ཆར་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་ཆེན་པོ་མཆོག་དང་གང་གི་དབུ་ཞྭ་མཐོང་གྲོལ་རིན་པོ་གཉིས། གདན་ས་རུམ་བཏེག་གི་སྤྱི་ཁྱབ་ཆོས་ཁྲིམས་པ་ཆེན་པོས་སྤོས་སྣ་དང་། དེ་བཞིན་རྒྱ་གླིང་དང་སྤོོས་ཕོར་བཅས་སྨོན་ལམ་གྱི་གར་སྟེགས་སུ་བཞུགས་ཁྲིར་གདན་དྲངས་མཛད། དེ་ནས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གི་དབུས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་དུ་མ་ནས་སྒོ་གསུམ་གུས་པས་ཕྱག་ཕུལ་ཞིང་། ཀུན་རང་རང་གི་བཞུགས་གདན་དུ་བཞུགས་རྗེས། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་ཁྲིམས་པ་ཆེན་པོ་མཁན་སྐལ་བཟང་ཉི་མ་མཆོག་ནས་གདན་ས་དཔལ་ཆེན་ཆོས་གླིང་གི་སྐུ་ཚབ་གནང་སྟེ་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་ལོ་རྒྱུས་དང་འགྲེལ་བཤད་སྒྲོགས་སྦྱང་གནང་།
དེ་རྗེས་དབུ་མཛད་ཆེན་པོ་ནས་སྐྱབས་སེམས་དང་མཎྜལ་སོགས་ཀྱི་ཞལ་འདོན་མཛད་ཅིང་། གདན་ས་རུམ་བཏེག་གི་དགེ་འདུན་གཉིས་ནས་རྒྱ་གླིང་ཆེས་སྙན་མོ་གཏོང་འབུད་མཛད་པ་དང་ཆབས་ཅིག་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་གིས་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་མཇལ་ཁ་ཐེངས་གཉིས་སྩལ་གནང་མཛད། དེ་ཡང་དང་པོ་ནི་འགྲོ་བ་སེམས་ཅན་ཚེ་ལས་འདས་པ་རྣམས་གནས་སྐབས་བར་དོ་དང་ངན་སོང་གི་ཡ་ང་བའི་འཇིགས་པ་རྣམས་ལས་མྱུར་དུ་ཐར་ཏེ། མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པ་དང་། མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་མངོན་དུ་མཛད་ཕྱིར་ཡིན་པ་དང་། ཐེངས་གཉིས་པ་ནི་འགྲོ་བ་སེམས་ཅན་ཚེ་དང་ལྡན་པ་རྣམས་གནས་སྐབས་ཀྱི་མི་འདོད་པའི་ཉེར་འཚེའི་བར་ཆད་ཐམས་ཅད་ཞི་ནས་བསམ་པའི་དོན་ཀུན་ཆོས་བཞིན་དུ་སྒྲུབ་པ་དང་། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་གོ་འཕང་མངོན་དུ་མཛད་ཕྱིར་ཡིན་པར་གསུངས།
དབུ་ཞྭ་མཐོང་གྲོལ་ཪིན་པོ་ཆེ་དེ་ཉིད་ཀྱི་ལོ་རྒྱུས་མཚོན་དོན་ཕན་ཡོན་དང་བཅས་པ་མདོར་བསྡུས་ནི།
དེ་ཡང་སངས་རྒྱས་གཉིས་པ་མ་ཧཱ་གུ་རུས་རྒྱལ་མཆོག་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོོར། །མཁར་ཆེན་དཔལ་གྱི་དབང་ཕྱུག་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི། རྣམ་འཕྲུལ་རྒྱལ་བའི་འཕྲིན་ལས་པ། །བཀའ་རྟགས་དབང་གི་ཅོད་པན་གསོལ། །ཞེས་ལུང་བསྟན་པ་ལྟར། དྲུང་བདུན་པ་ཆོས་གྲགས་རྒྱ་མཚོས་དཔལ་བླ་མ་དགོངས་འདུས་ཀྱི་སྒོ་ནས་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་ངོ་བོར་སྒྲུབ་ཅིང་བྱིན་གྱིས་བརླབས་པར་མཛད་པའི་ཞྭ་དམར་གསེར་གྱི་མདོངས་ཅན་ཞེས་བྱ་བ་རྒྱལ་ཚབ་སྐུ་ཕྲེང་གཉིས་པ་བཀྲ་ཤིས་རྣམ་རྒྱལ་མཆོག་ལ་ཐོག་མར་ཕུལ་ཞིང་དྲུང་ཉིད་ཀྱི་རྒྱལ་ཚབ་དུ་མངའ་གསོལ་བར་མཛད་དེ་སྟོན་འཁོར་ཐ་མི་དད་པར་ཞལ་གྱིས་བཞེས། དེ་ནས་རྒྱ་ལ་བའི་རྒྱལ་ཚབ་ཅེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། རྒྱལ་མཆོག་ཀརྨ་པ་དང་རྒྱལ་བའི་རྒྱལ་ཚབ་ཆེན་པོའི་དབུ་ཞྭ་དམར་ནག་དབྱིབས་མཚུངས་པ་ནི། ཡབ་སྲས་གཉིས་པོ་དགོངས་པ་དབྱེར་མེད་དུ་མཚོན་པ་ཡིན།
དབུ་ཞྭ་མཐོང་གྲོལ་འདིའི་མཚོན་དོན་ནི། མདོག་དམར་སེར་དུ་སྣང་བ་ཆོས་ཉིད་ལ་འགྱུར་བ་མེད་པའི་བརྡ་དང་། རྩེ་མོ་གསུམ་དུ་སྣང་བ་སྐུ་གསུམ་འགྱུར་བ་མེད་པའི་བརྡ་དང་། སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་འཕྲིན་ལས་བཞིས་དོན་སྤྱོད་པར་མཚོན་པ་དང་། སྤྲིན་རིས་ཀྱིས་བརྒྱན་པ་ནི། ཐུགས་རྗེ་ཕྱོགས་ལྷུང་མེད་པར་འགྲོ་བ་ཀུན་ལ་ཁྱབ་པའི་བརྡ་དང་། ཐབས་ཤེས་ཟུང་དུ་འཇུག་པའི་བརྡ་རང་རྟགས་སུ་ཁྱུང་གཤོག་གིས་མཛེས་པ་དང་། གདོད་མ་ནས་ཆོས་སྐུའི་རྒྱལ་སར་མངའ་བརྙེས་ཤིང་། གཅིག་ཤེས་ཀུན་གྲོལ་གྱི་མཁྱེན་པའི་རྩལ་རྫོགས་ཏེ་འོད་གསལ་ཁོར་ཡུག་གི་ཏིང་འཛིན་ལ་དབང་འབྱོར་བའི་རྟགས་སུ་ཉི་ཟླ་ནོར་བུའི་ཏོག་གིས་སྤྲས་པ་སོགས་ཡེ་ཤེས་ཀྱི་རོལ་པ་འགོག་ཏུ་མེད་པའོ།
ཕན་ཡོན་ནི། རྒྱལ་བ་ཡབ་སྲས་གཉིས་ཀྱི་མཐོང་གྲོལ་དབུ་ཞྭའི་ཁ་དོག་ཅུང་ཟད་མི་མཚུངས་པ་ནི། ཐབས་མཁས་ཀྱི་འཕྲིན་ལས་སོ་སོར་སྐྱོང་བའི་དོན་ཡིན་པས་ཞྭ་དམར་ནག་གཉིས་གང་མཇལ་ཡང་ཁྱད་པར་མ་མཆིས་ཤིང་། གྲུབ་ཆེན་ཀརྨ་པཀྴིའི་ཞལ་སྔ་ནས། །ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། ཅེས་གསུངས་པ་ལྟར། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེའི་མཇལ་ཁ་འདི་ནི་དམ་ཚིག་དང་ལྡན་མི་ལྡན། ལོག་ལྟ་ཅན་ཡིན་མིན་ཁྱད་པར་མེད་པར། ཐ་ན་དུད་འགྲོ་ལྟ་བུས་མཐོང་ནའང་ངན་འགྲོའི་སྐྱེ་སྒོ་གཅོད་པར་གསུངས་པ་དང་། སྐལ་ལྡན་གྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱིས་དད་པས་ཡིད་ལ་དྲན་པ་དང་། ཟང་ཟིང་གི་འབུལ་བ་རང་གི་ནུས་ཚོད་དང་བསྟུན་ནས་འབུལ་བ་དང་། ཡིད་མོས་གུས་རྩེ་གཅིག་པས་མཇལ་ཞིང་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནས། ཕྱག་སྐོར་བྱ་བ་དང་། ཐ་ན་མེ་ཏོག་གཅིག་གཏོར་བས་ཀྱང་གནས་སྐབས་ངན་སོང་ལས་ཐར་ཅིང་མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཕན་ཡོན་གཞལ་ཏུ་མ་མཆིས་པར་བཀའ་བརྒྱུད་གོང་མ་རྣམས་ཀྱིས་གསུངས་སོ། །
དེ་ཡང་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་བ་སེམས་ཅན་རྣམས་འདུལ་བའི་ཐབས་རྒྱ་མཚོ་ལྟ་བུ་ཡིན་པས་ང་ཚོ་ཚུར་མཐོང་གི་བློའི་རྭ་བ་ལས་འདས་པ་ཡིན་པ་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན་ནས་གྲོལ་བ་བཞི་ལྡན་ལ་སོགས་པའི་སྒོ་ནས་མཛད་པྲིན་བསམ་གྱིས་མི་ཁྱབ་པ་ཡིན་མོད། འོན་ཀྱང་འཛམ་བུའི་གླིང་འདིར་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་བསྒྲོན་ཞལ་མཛད་ནས་གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བ་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་༸རྒྱལ་མཆོག་ཡབ་སྲས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་ཡིན་ནོ། །
དེ་ལྟར་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེའི་འགྲེལ་བཤད་དང་གནས་ཚུལ་སྙིང་བསྡུས་ཞིག་གངས་ལ་ཉི་ཤར་ནས།

ཕྱི་ལོ་ ༢༠༡༨ ཟླ་༣ ཚེས་ ༥ སྲོད་ཀྱི་དུས་ཚོད་བདུན་དང་ཕྱེད་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་དང་སྐྱབས་རྗེ་མི་འགྱུར་རིན་པོ་ཆེས་དབུས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ། བསླབ་གསུམ་ལུང་རྟོགས་དཔལ་གྱིས་བརྒྱན་པའི་མཁན་སློབ་རྣམ་པ། ངུར་སྨྲིག་ན་བཟས་བརྒྱན་པའི་དགེ་བཙུན་འདུས་པ་རྒྱ་མཚོ། རྡོར་གདན་མཆོད་རྟེན་འཛིན་སྐྱོང་ཚོགས་པའི་འགན་འཛིན་དང་དྲུང་ཆེ། བཀའ་བརྒྱུད་སྤྱི་འཐུས་ཀརྨ་བསོད་སྟོབས་ལགས། རྡོར་གདན་ཉེ་འཁོར་དུ་ཆགས་པའི་རིས་མེད་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ། ཤར་ནུབ་ཡུལ་གྲུ་ཁག་ནས་ཆེད་དུ་ཕེབས་པའི་དད་ལྡན་ལྷག་བློ་མཆོག་ཏུ་དགེ་བའི་ཁྱིམ་པ་ཕོ་མོ་བཅས་འདུས་པ་ལྔ་སྟོང་ལ་ཉེ་བར་འཛོམས་ཤིང་། དེ་དག་ཡོངས་ལ་འདྲེན་བྱེད་ཀྱི་དགའ་སྟོན་ཡིད་དུ་འོང་བའི་གཟིགས་མོ་དང་འབྲེལ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་ལྔ་པའི་མཐའ་མར་དགེ་བ་མར་མེའི་སྨོན་ལམ་གྱི་མཆོད་སྤྲིན་མཛད་སྒོ་རེ་ཞིག་གྲོལ་བ་དང་། འདུས་པ་ཡོངས་ལ་གཟིགས་འབུལ་གྱི་རིམ་པ་གཤམ་གསལ་ལྟར།
༡) དཀོན་མཆོག་གསུམ་གྱི་དབྱངས།
ཐོག་མར་འབྲུག་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་ནས་དཀོན་མཆོག་བསུམ་གྱི་བསྟོད་དབྱངས། ཞེས་པ་གཟིགས་འབུལ་ཞུས།
༢) སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མ། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྙིང་རྗེ་དང་ཤེས་རབ་ཟུང་དུ་འགྲོགས་པས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱད། བྱང་ཆུབ་སེམས་དཔར་གྱུར་པ་ནའང་སྙིང་རྗེའི་དབང་ཕྱུག་ཏུ་གྲགས་པ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཞུགས་ན། ནུས་མཐུ་ཁྱད་པར་དུ་འཕགས་པ་ཐོབ་པ་ནི། ལུགས་ཀྱི་བསྟན་བཅོས་ལས།
གང་ལ་ལྷ་ཡིས་མགོན་བྱས་པའི། །
མི་དེ་གཅིག་པུར་གྱུར་ན་ཡང་། །
སྟོང་ཕྲག་དུ་མའི་མི་དག་དང་། །
ནུས་པ་ཀུན་ནས་མཉམ་པ་ཡིན། །
ཞེས་པ་ལྟར། རྐྱེན་ངན་བར་ཆད་ཞི་ཞིང་། ལུས་སེམས་བདེ་དགར་གནས་པ་དང་། བྱ་བ་ལམ་འགྲོ་ཡོང་བ་ནི་གནའ་ནས་ད་བར་གྱི་གང་ཟག་དུ་མའི་ཉམས་མྱོང་ཡིན་ལ། ལྷག་པར་བྱམས་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རང་རྒྱུད་ལ་སྐྱེས་ནས། འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་འགྱུར་ངེས་པ་ཡིན།
བྱིན་རླབས་རྒྱུད་ལ་འཇུག་པའི་ཐབས་བླ་ན་མེད་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས། འགྲོ་དོན་མཁའ་ཁྱབ་མ། ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ། ནང་དུ་བྱང་སེམས་ཀྱི་བསླབ་པ། གསང་བ་གསང་སྔགས་ཀྱི་ཉམས་ལེན་ལ་གཞོལ་བ། བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་རྣམ་གསུམ་དང་། བཙུན་མའི་དབུ་མཛད་རྣམ་གསུམ་སྟེ་ཁོང་རྣམ་དྲུག་ནས་སྙན་འཇེབས་ལྡན་པའི་དབྱངས་རྟ་ལ་དྲངས་པ་ཞིག་གཟིགས་འབུལ་ཞུས།
༣) གསང་གསུམ་ཐུགས་རྗེ་མ། འབྲུག་དཔལ་མོ་ཆོས་སྡིངས་ཀྱི་བཙུན་མ་རྣམས་དང་ཁྲ་འགུ་བཛྲ་བི་དྱཱའི་དགོན་གྱི་དགེ་འདུན་ཐུན་མོང་ནས་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་བཙན་བྱོལ་དུ་ཕེབས་ཁར་གསར་རྩོམ་མཛད་པའི་གསང་གསུམ་ཐུགས་རྗེ་མ་དེ་ཉིད་གབྱངས་རྟ་སྙན་མོས་འདུས་ཚོགས་ཀྱི་ཐོས་འཛིན་དཔྱིད་དུ་གྱེར།
༤) མར་མེའི་སྨོན་ལམ།
རྒྱུན་གཏན་རང་རེས། མེ་དང་། གློག་དང་། ནོར་བུ་སོགས་ཀྱི་འོད་ཟེར་ལ་བརྟེན་ནས་སྒྲོན་མེ་འབུལ་གྱི་ཡོད་པ་འདིས་ནི། མཚོན་བྱ་དོན་གྱི་མར་མེ་ཟབ་མོ་ཞིག་སྟོན་བཞིན་ཡོད་པ་སྟེ། སྤྱིར་མར་མེ་ནི་གསལ་བའི་ངོ་བོ་ལ་བྱ་ཞིང་། རང་གི་སེམས་ཉིད་ཀྱི་ངོ་བོ་ཡང་གསལ་བའི་ཡེ་ཤེས་ཡིན་ལ། གསལ་བའི་ཡེ་ཤེས་ཀྱི་ངང་ནས་ཡེ་ཤེས་ཀྱི་རྒྱལ་ཁམས་མ་འགགས་རོལ་པར་ཤར་བ་ལ་ཆོས་དབྱིངས་ཁྱབ་གདལ་གྱི་ཞིང་ཁམས་ཞེས་སུ་ གྲགས། ཆོས་དབྱིངས་ཁྱབ་གདལ་གྱི་ཞིང་ཁམས་རང་གི་སེམས་ཉིད་ལྷན་སྐྱེས་ཀྱི་ངོ་བོ་གསལ་བ་ངོ་འཕྲོད་པའི་ཆེད་དུ། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོས་འོད་གསལ་སེམས་ཉིད་ཀྱི་གཤིས་ལུགས་མ་སྦས་གསལ་བར་བསྟན་པ་ལ་ངེས་དོན་གྱི་ཆོས་ཀྱི་འཁོར་ལོ་ཞེས་བྱ། ངེས་དོན་གྱི་ཆོས་ཀྱི་འཁོར་ལོའི་བསྟན་བྱ་མཐར་ཐུག་པ། གསལ་བ་སེམས་ཉིད་ཀྱི་ངོ་བོ་མ་བཅོས་ལྷུག་པར་འཇོག་པའི་སྒོམ་རིམ་ལ། མོས་གུས་དཀར་པོ་གཅིག་ཐུབ་ཀྱིས་གནད་དུ་བསྣུན་པས། རང་བྱུང་སེམས་ཉིད་ཀྱི་ངོ་བོ་གསལ་བའི་ཡེ་ཤེས་སྐད་ཅིག་གིས་སྒྲིབ་བྲལ་མངོན་དུ་གྱུར་པ་ལ། འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ་ཞེས་བཏགས་པ་ཙམ་སྟེ། དོན་གཞི་སེམས་ཉིད་ཀྱི་ངོ་བོ་གསལ་བ་གཏན་ལ་ཕབ། ལམ་སེམས་ཉིད་ཀྱི་ངོ་བོ་གསལ་བ་ཉམས་སུ་བླངས། འབྲས་བུ་སེམས་ཉིད་ཀྱི་ངོ་བོ་གསལ་བ་མངོན་དུ་གྱུར་པ་ཡིན་ཕྱིར། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་གསལ་བའི་ངོ་བོ་འདི་ཉིད་ངེས་དོན་གྱི་མར་མེ་བླ་ན་མེད་པ་དེ་ཡིན་པ་ལ་ཡིན་པར་ཤེས་པའི་སྒོ་ནས། མར་མེ་སྨོན་ལམ་གྱི་ལས་རིམ་ལ་འཇུག་པའི་ཞུ་བསྐུལ་མཛད།
༤) མཇུག་བསྡུ། ལྷག་བསམ་གྱི་རེ་སྨོན།
བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་རྩ་ལྔ་པ་སྦྱོར་དངོས་མཇུག་གསུམ་ཚང་ངེས་ཐོག་སྤྲོས་པ་ཆུང་ཞིང་ཀུན་གྱི་མིག་ལམ་དུ་རབ་ཏུ་མཛེས་པའི་དཔལ་དང་ལྡན་པའི་སྒོ་ནས་མཇུག་ཡོངས་སུ་རྫོགས་ཤིང་། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྦྱོར་དངོས་མཇུག་གསུམ་ལེགས་པར་གྲུབ་པའི་དགེ་བ་རླབས་པོ་ཆེའི་མཐུ་ལ་བརྟེན་ནས། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། བསྟན་པ་དེ་འཛིན་གྱི་སྐྱེས་བུའི་ཁྱུ་མཆོག་ལྷ་མིའི་རྣམ་འདྲེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་དབུས། རིས་མེད་པའི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཚེ་ཞབས་པད་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཏེ་མཛད་ཕྲིན་རབ་ཏུ་རྒྱས་པ་དང་། མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱང་མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་པ་དང་། འཕགས་བོད་སོགས་ཡངས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། ཆར་ཆུ་དུས་སུ་བབས། ལོ་ཕྱུགས་རྟག་ཏུ་ལེགས། ནད་མུག་འཁྲུགས་རྩོད་ཞི་སྟེ། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་འབར་བར་གྱུར་ཅིག་གུ །
སླར་སྨོན་པ།
བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། །
ཀརྨ་པ་བསྟན་བསྟན་པའི་སྙིང་པོ་ནི། །
ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་འཆད། །
རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །
སརྦ་མངྒ་ལཾ། བསྟན་འཛིན་རྣམ་རྒྱལ་ནས།

ད་ལན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོར་གདན་དུ། རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་ལྔ་པ་ཚོགས་པའི་སྐབས་སུ། སྔར་དང་མི་འདྲ་བར་༸རྒྱལ་དབང་ཀརྨ་པ་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མའི་དགོན་སྡེ་ཁག་གི་བཙུན་མ་བཞི་ནས་ཀྱང་། རྒྱུན་ལྡན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དབུ་མཛད་རྣམས་དང་ལྷན་ཅིག་ཏུ་ཞལ་འདོན་གྱི་དབུ་མཛད་གནང་དགོས་པའི་བཀའ་སློབ་ཕེབས་པ་ལྟར། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེང་སོ་ལྔ་པའི་སྐབས་སུ་བཙུན་མའི་དབུ་མཛད་བཞི་ནས་ཉིན་ལྟར་བཙུན་མ་གཉིས་རེ་ནས་རེ་མོས་བཞིན་བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་ཆེན་མོ་རྣམས་དང་ལྷན་དུ་དབུ་མཛད་གནང་བཞིན་མཆིས། དེ་ཡང་བཙུན་མ་བཞི་པོ་དེ་དག་རྣམས་ནི་འབྲུག་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་མཁས་མཆོག་དཔལ་མོ་དང་། བལ་ཡུལ་ཁྲ་འགུ་སྒྲོལ་མ་ལྷ་ཁང་གི་བཙུན་མ་ཚུལ་ཁྲིམས་སྒྲོལ་མ། དེ་བཞིན་ར་ལང་སྐྱེ་དགུའི་བདག་མོ་ཆོས་གླིང་གི་བཙུན་མ་འཇམ་དཔལ་དང་། ཏི་ལོག་པུར་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་གི་བཙུན་མ་དབྱངས་ཅན་སྒྲོལ་མ་བཅས་ཡིན། དེ་ལ་བརྟེན་ནས་སྨོན་ལམ་གྱི་ཚོགས་བཅར་བ་གྲྭ་བཙུན་སྤྱི་དང་ལྷག་པར་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སྐྱ་བོ་རྣམས་ལ་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་འགྱུར་ནས། ཚང་མས་ཕོ་མོ་ཟུང་གི་སྐད་གཉིས་ལྷན་ཅིག་ཏུ་མཛད་ན་ཞལ་འདོན་གྱི་གདངས་དབྱངས་ཆེས་སྙན་མོ་འདུག་ཅེས་དགའ་མོས་དང་བསྔགས་བརྗོད་ཀྱི་མེ་ཏོག་དུ་མ་འཐོར།
དེ་ནི་ལོ་རྒྱུས་དང་སྤྱི་ཚོགས་རྣམས་ཀྱི་ཁྲོད་དུ་ཤེས་ཡོན་དང་གོ་སྐབས་ལ་སོགས་པ་ཆེས་ཉུང་བས། ཕྱོགས་དུ་མ་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་མཆིས་པའི་བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་བཙུན་མའི་སྡེ་སྤྱི་དང། བྱེ་བྲག་ཏུ་རང་རེ་དཔལ་ལྡན་དུས་གསུམ་མཁྱེན་པའི་རྗེས་འཇུག་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མའི་སྡེ་རྣམས་ལ་མཚོན་ན། ཆེས་དགའ་སྤོབས་བྱ་འོས་པ་དང་གཟི་བརྗིད་དང་ལྡན་པ་ཞིག་ཡིན། མ་ཟད་སྔར་རྒྱ་བོད་གཉིས་སུ་སྟོན་པའི་འཁོར་རྣམ་བཞི་ལྷན་ཅིག་དུ་འཛོམས་ནས་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་པ་དུ་མ་ཡོད་མོད། འོན་ཀྱང་དེ་ལྟར་ཞལ་འདོན་འགོ་འདྲེན་པའི་དབུ་མཛད་བཙུན་པ་དང་བཙུན་མ་གཉིས་འདྲ་མཉམ་གྱི་སྒོ་ནས་ལྷན་དུ་དབུ་མཛད་གནང་བ་ནི་སྔར་བྱུང་མྱོང་མེད་པས་རབ་བྱུང་བཙུན་མའི་སྡེའི་ཁྲོད་དུ་ལོ་རྒྱུས་ཀྱི་རི་མོ་ཞིག་ཀྱང་གསར་དུ་བསྐྲུན་པ་ཡིན།
དེ་ལྟ་བུའི་ཆོས་ཕྱོགས་ཀྱི་ལས་རིམ་ཆེས་གཟི་བརྗིད་དང་ལྡན་པ་དེ་དག་ཡོངས་སུ་རྫོགས་པར་བྱུང་བ་དེ་ཡང་སྤྱིར་རྒྱུ་རྐྱེན་དུ་མ་ཡོད་མོད། དེའི་ནང་ནས་གཙོ་བོ་ནི་རང་རེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རྗེས་འཇུག་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸དཔལ་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་ཐུགས་བསྐྱེད་འགྲན་ཟླ་དང་བྲལ་བ་བརྟེན་ནས་བྱུང་བ་ཡིན། དེ་ཡང་ལོ་ཤས་ཀྱི་སྔོན་ནས་བཟུང་༸རྒྱལ་དབང་མཆོག་གིས་རྒྱ་བལ་འབྲུག་ལ་སོགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མའི་སྡེ་རྣམས་ལ་དམིགས་བསལ་དུ་ཐུགས་རྗེ་གཟིགས་པ་ཆེན་པོས། དམངས་རྣམས་སུའང་སྤྱིར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཙོ་བོའི་འཁོར་དུ་རབ་ཏུ་བྱུང་བའི་སྡེ་ལ་འཁོར་རྣམ་བཞི་བཅས། དགེ་སློང་ཕ་མ་གཉིེས། དགེ་ཚུལ་ཕ་མ་གཉིས་བཅས་བཞི་ཆར་བསྟན་པའི་ཁང་བཟང་གྲུ་བཞི་བཏེག་པའི་ཀ་བ་བཞི་ལྟ་བུ་ཡིན་པས་དགེ་སློང་མ་དང་། དགེ་ཚུལ་མ་གཉིས་པོའང་དགེ་སློང་ཕ་དང་དགེ་ཚུལ་ཕ་ལྟ་བུར་རྒྱལ་བའི་བསྟན་པར་ཆེས་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་མོ་རབ་དང་རིམ་པ་སྩལ་བ་དང་། དེ་བཞིན་བཙུན་མ་རྣམས་ཀྱི་རྗེས་ལུས་ཀྱི་གནས་སྟངས་དང་ཤེས་ཡོན་སོགས་ཡར་རྒྱས་གོང་སྤེལ་སླད་དུ། བཙུན་མའི་དགོན་སྡེ་ཁག་རྣམས་སུ་བཤད་པའི་སྡེ་བཙུགས་པ་དང་། དེ་དག་རྣམས་ཀྱི་སྦྱང་བྱའི་གཞུང་ཆེན་རྣམས་གཏན་ལ་ཕབ་པ། དེ་བཞིན་འཕགས་མ་བདེ་བྱེད་མའི་དགུན་ཆོས་བཙུགས་པ་དང་། ལྷག་པར་དུ་སྔར་བོད་ཀྱི་ལོ་རྒྱུས་ཁྲོད་དུ་བྱུང་མྱོང་མེད་པའི་དགེ་སློང་མའི་སྡོམ་པ་འབོགས་རྒྱུའི་ལས་འགུལ་སྤེལ་བ་དང་ཆབས་ཅིག །སྒྲུབ་པའི་སྡེ་ཕྱོགས་སུའང་ཚེ་རིང་མ་ལ་སོགས་པའི་སྒྲུབ་པ་ཆེན་མོ་རྣམས་བཙུགས་པ། དེ་བཞིན་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས་དང་། ལྷག་པར་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཞལ་འདོན་གདངས་དབྱངས་རྣམས་ཀཾ་ཚང་དགོན་སྡེ་གཞན་རྣམས་ཀྱི་གྲྭ་བཙུན་དབུ་མཛད་རྣམས་དང་ལྷན་དུ་སྦྱོང་བརྡར་གྱི་བཀའ་དྲིན་སྩལ་བ་ལ་སོགས་པའི་ཐུགས་བསྐྱེད་ལ་བརྟེན་ནས་ད་ལྟ་ཐུན་མོང་དུ་གྲུབ་འབྲས་བཟང་པོ་དེ་ལྟར་བྱུང་བ་ཡིན།
ད་ལན་གོ་སྐབས་དེ་དང་བསྟུན་ཏེ་ང་ཚོ་གསར་འགོད་ཚན་པའི་ངོས་ནས་དབུ་མཛད་མཁས་མཆོག་དཔལ་མོ་དང་། ཚུལ་ཁྲིམས་སྒྲོལ་མ་གཉིས་ལ་བཅར་འདྲི་བྱས་སྐབས་རྣམ་གཉིས་ནས་གསུང་དོན།
སྤྱིར་༸དཔལ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་བཙུན་མ་རྣམས་ལ་ཐུགས་རྗེ་གཟིགས་པ་ཆེན་པོས་བཀའ་སློབ་ལམ་སྟོན་དང་། དེ་བཞིན་སྐུ་དངོས་ཀྱིས་བཙུན་མའི་ལས་རིམ་རྣམས་ལ་གཟིགས་ཞིབ་སོགས་བཀའ་དྲིན་སྟོང་གསུམ་རིན་པོ་ཆེས་གཏམས་ཏེ་ཕུལ་ཡང་གཞལ་དཀའ་བའི་བཀའ་དྲིན་དང་ཐུགས་རྗེ་གྲིབ་བསིལ་གྱི་འོག་ཏུ། བཀའ་བརྒྱུད་སྨོན་ལམ་གྱི་དབུ་མཛད་ཆེན་པོ་འོད་ཟེར་རབ་བརྟན (བྷ་ཡེ་ཀརྨ) གྱིས་སྨོན་ལམ་ཆེན་མོའི་ཞལ་འདོན་གྱི་གདངས་དབྱངས་རྣམས་ལེགས་པར་བསླབས་མཛད་པ་དང་། ཡང་ནས་ཡང་དུ་སྦྱོང་བརྡར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ད་ལོ་ ༢༠༡༨ བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་ལྔ་པའི་སྐབས་སུ་དངོས་སུ་སྒྲ་སྐྱེད་ཁ་པར་ (mike) ཐོག་ནས་དབུ་མཛད་བྱ་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་འདྲ་ཞིག་ལ་སྤྱིར་དབུ་མཛད་བྱ་བའི་ཤེས་ཡོན་དང་ཉམས་མྱོང་སོགས་མེད་ཀྱང་། དེ་ལྟར་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བརྩེ་ཆེན་གཟིགས་པ་ཆེན་པོས་བླ་མེད་ཀྱི་གོ་སྐབས་སྩལ་ནས་དབུ་མཛད་བྱ་རྒྱུ་བྱུང་བ་དེ་ཆེས་སྐལ་བ་བཟང་པོ་ཞིག་དང་ཡིད་དགའ་བའི་གནས་སུ་གྱུར་པདང་། དེ་བཞིན་མ་འོངས་པའི་ཆར་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཡིན་པས་བཙུན་མ་སྐུ་བགྲེས་པ་རྣམས་གཏན་དུ་བཞུགས་མི་སྲིད་པས། བཙུན་མ་གཞོན་པ་དང་དགུང་ལོ་ཆུང་བ་རྣམས་ལ་བསླབ་བྱའི་ཚུལ་དུ་གསེར་ལས་དཀོན་པའི་གོ་སྐབས་རྣམས་ཐོབ་ཚེ་ཕྱིར་བཤོལ་མི་བྱེད་པར་དགའ་དད་སྤྲོ་གསུམ་གྱི་ངང་ནས་གོ་སྐབས་རྣམས་ཉེ་བར་བླངས་ཏེ་གང་ཐུབ་ཀྱིས་གོམ་པ་མདུན་དུ་སྤོ་དགོས་ཚུལ་བཤད།
མཐའ་དོན་དུ་རྣམ་པ་གཉིས་ནས་གསུངས་དོན། ༸དཔལ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བོད་ཀྱི་བཙུན་མ་སྤྱི་དང་། ལྷག་པར་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བཙུན་མ་རྣམས་ལ་བསྟན་འཛིན་གྱི་སྐྱེས་བུ་གཞན་ལས་ལྷག་པའི་ཐུགས་རྗེའི་གཟིགས་པ་ཆེན་པོ་དེ་ལྟར་མཛད་པའི་བཀའ་དྲིན་ནི་སྐྱེ་བ་དང་ཚེ་རབས་ཀུན་ཏུ་འཇལ་ཡང་མི་ཐུབ་མོད། འོན་ཀྱང་མ་འོངས་པར་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་ཇི་ལྟར་སྩལ་བ་བཞིན་སོ་སོའི་ངོས་ནས་གང་ཐུབ་ཀྱིས་ཞབས་ཞུ་བསྒྲུབ་རྒྱུ་ཡིན། དེ་བཞིན་རང་རེ་རྣམས་ཀྱི་མགོན་དཔུང་མཚུངས་ཟླ་མ་མཆིས་པ་༸དཔལ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་དབུས་པའི་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཞབས་པད་ཚེ་ལྷའི་ངོ་བོར་བརྟན་ནས། མཛད་འཕྲིན་ནམ་མཁའི་ཁྱོན་ལྟར་ཁྱབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོ། །
དེ་ལྟར་བཙུན་མའི་དབུ་མཛད་རྣམས་ཀྱི་སྐོར་དང་དེ་དག་ལ་བཅར་འདྲི་བྱས་པའི་གནས་ཚུལ་ཉུང་བསྡུས་ཞིག་གསར་འགྱུར་གྱི་ཚུལ་དུ་གངས་ལ་ཉི་ཤར་ནས།

སྤྱི་ལོ་ ༢༠༡༨ ཟླ་ ༣ པའི་ཚེས་ ༣ ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་དབུས་པས་སེར་སྐྱ་འདུས་མང་ཡོངས་བཞུགས་གྲལ་དུ་འཁོད་རྗེས། སྤྱི་ཁྱབ་ཆོས་ཁྲིམས་ཆེན་མོ་མཁན་རིན་པོ་ཆེ་སྐལ་བཟང་ཉི་མས་ཉིན་འདིར་འདོན་པ་གང་ཞིག་འདོན་དགོས་མིན་དང་༸རྒྱལ་དབང་མཆོག་གི་གསུང་འཕྲིན་ཡོད་ལུགས་མཚམས་སྦྱོར་སྔོན་དུ་སོང་མཚམས། ༸རྒྱལ་དབང་མཆོག་གིས་དེ་རིང་གཤིན་ཆོག་མི་འཁྲུག་གསུང་སྐབས་འདི་ལོར་རྡོ་རྗེ་གདན་དུ་ཕྱག་ལས་གནང་བཞིན་པའི་སྐབས་ཚེ་ལས་འདས་པའི་གནས་ར་ཀརྨ་ལྷུན་གྲུབ་དང་། ཐེ་ཝན་ནས་ཚེ་ལས་འདས་པ་གཉིས་ཀྱི་ཆེད་དུ་འདུས་མང་ཡོངས་ཀྱིས་ཐུག་སྨོན་དགོས་སྐོར་གསུངས་དོན།
ཉིན་དྲུག་པའི་ཕྱི་དྲོའི་ཆར་གཤིན་པོ་རྣམས་ཀྱི་ཆེད་དུ་ཕུང་པོ་གསུམ་པའི་མདོ་ཡོངས་གྲགས་ལ་ལྟུང་བཤགས་གསུང་རྒྱུ་དང་། དེ་བཞིན་བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པའི་གཟུངས་ཀྱི་མདོ། མི་འཁྲུག་པའི་ཞིང་བཀོད་པའི་མདོ་སོགས་གསུང་རྒྱུ་ཡིན་ཅིང་། དེ་ཡིན་དུས་དེ་རིང་གཤིན་པོའི་དགེ་རྩ་སྒྲུབ་པའི་གོ་སྐབས་འདི་དང་བསྟུན་ནས་རྣམ་པ་ལྷན་རྒྱས་ཚོར་གསོལ་འདེབས་ཞུ་རྒྱུ་ཞིག་ལ། གནས་ར་ཚང་ལྷུན་གྲུབ་ཁོང་གི་པར་དྲ་ངོས་སུ་ཤར་གྱི་རེད། གང་ལྟར་ཁོང་རང་སྔོན་མ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་ཁོངས་གཏོགས་ཆགས་བསྡད་ཡོད་རེད། ཁོ་རང་དང་ཁོ་རང་གི་སྤུན་མཆེད་མཚེ་མ་ཕ་གཅིག་མ་གཅིག་གི་རྒྱལ་མཚན་ཁོ་རང་གཉིས་བྱམས་མགོན་སི་ཏུ་རིན་པོ་ཆེའི་ཞབས་ལ་གཏུག་ནས་སྤྱིར་བཏང་ཁོ་རང་ཚོའི་མི་རྒྱུད་ནས་དཔལ་སྤུངས་ཚང་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། ད་རེས་ཁོ་རང་གཉིས་ལྟ་བུ་ཆ་བཞག་པ་ཡིན་ན་གདན་ས་དཔལ་སྤུངས་ཤེས་རབ་གླིང་ལ་ཞབས་ཞུ་མང་པོ་བསྒྲུབས་ནས་བླ་མའི་ཞབས་ཏོག་སྒྲུབ་མཁན་གྱི་གང་ཟག་གལ་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན་ང་རང་ཡིན་ན་ཡང་བོད་ནས་རྒྱ་གར་ལ་ཡར་ཡོང་དུས་ཡིན་ན་ཡང་གནས་ར་ཚང་རྒྱལ་མཚན་བོད་ཀྱི་ས་མཚམས་ལ་ཡོང་ནས་ཚུར་རོགས་པ་བྱས་ནས་ཡོང་བ་རེད་བཀའ་དྲིན་ཆེན་པོ་རེད། དེ་ནས་བཀའ་བརྒྱུད་སྨོན་ལམ་གྱི་ལས་དོན་ཐོག་ལ་ཡིན་ནའང་ཁོ་རང་སྤུན་མཆེད་གཉིས་ཀ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་ཡིན་པ་དང་ལྷག་བསམ་ལྷད་མེད་ཡིན། ལྷག་པར་དུ་ལྷུན་གྲུབ་ལྟ་བུ་ཆགས་བཞག་པ་ཡིན་ན་དབྱར་ཀ་ཚ་བ་ཆེ་བའི་སྒང་མི་ཞེ་དྲག་འདུག་མཁན་མེད་སྐབས་སུ་རྡོ་རྗེ་གདན་ལ་བསྡད་ནས་སྨོན་ལམ་གྱི་ཆོས་ར་གསར་རྒྱག་བྱེད་པའི་ཐོག་ལ་ཡིན་ནའང་རེད། དེ་བཞིན་ང་ཚོའི་སྨོན་ལམ་གྱི་ཐབ་ཚང་གསར་རྒྱག་བྱེད་རྒྱུ་ཡིན་ནའང་རེད་ཚང་མའི་ཐོག་ལ་ཁོ་རང་གིས་ཤུགས་ཆེན་པོ་བརྒྱབ་པ་རེད། མཐའ་མ་ཁོ་རང་གློ་བུར་དུ་གྲོངས་པའི་སྐབས་ལ་ཡང་སྨོན་ལམ་གྱི་ལས་དོན་སྒྲུབ་བཞིན་པའི་སྐབས་ལ་གྲོངས་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་ལ་སེམས་ཚོར་ཆེན་པོ་ཡོང་བསྡད་པ་དེ་འདྲ་རེད། དེ་འདྲ་ཡིན་དུས་གོ་སྐབས་འདི་དང་བསྟུན་ཏེ་ཁོ་རང་གིས་ཆེད་དུ་སྐྱབས་གནས་དགེ་འདུན་པའི་སྡེ་དང་། དེ་བཞིན་འདིར་བཞུགས་པ་ཚང་མས་ཁོ་རང་ཆེད་དུ་ཐུགས་སྨོན་གནང་རོགས་གནང་ཞུ་རྒྱུ་ཞིག་དང་། ང་རང་ཚོས་བསམ་བློ་བཏང་བ་ཡིན་ན་ཁོ་རང་བླ་མ་ལ་དད་པ་རྩེ་གཅིག་བྱས་ཏེ། ག་རེ་གསུངས་པ་ཡིན་ནའང་དེ་བསྒྲུབ་རྒྱུ་མ་གཏོགས་པའི་གཞན་དག་གི་བློ་ཡིད་གཉིས་ཐེ་ཚོམ་གྱི་བསམ་བློ་ཞེ་དྲག་མེད་པ་ཞིག་ཡིན་དུས་ཏན་ཏན་ཁོ་རང་ཡིན་ནའང་དཔལ་ལྡན་བླ་མ་དམ་པའི་རྗེས་སུ་བཟུང་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་དཔལ་དང་མི་འབྲལ་བ་ཡོང་གི་རེད་སྙམ་པའི་ང་རང་གིས་ཡིད་ཆེས་ཡོད། དེ་དང་དེ་བཞིན་དུ་ང་ཚོའི་ཐེ་ཝན་ནས་ཡིན་པ་བཙུན་མ་‹MiaoRong›མེའོ་རུང་གི་ཨ་མ་(སུན་ཊུན་ཧག)ཁོང་ལྟ་བུ་ཡིན་ན་ཡང་ང་རང་ཆུང་དུས་ནས་ངོ་ཤེས་པ་དེ་འདྲ་ཞིག་རེད། ཁོ་རང་ཡིན་ན་ཡང་ཆོས་ལ་དད་པ་ཆེན་པོ་ཡོད་བསྡད་མཁན། དེའི་ཐོག་ཏུ་ཆོས་ཕྱོགས་ཀྱི་ལས་དོན་མང་པོ་ཞིག་བརྩམས་ཏེ་དེ་འདྲའི་ཐོག་ནས་རང་བཞིན་གྱི་དགེ་བ་རྒྱ་ཆེན་པོ་བསགས་མཁན་གྱི་གང་ཟག་ཅིག་ཆགས་བསྡད་ཡོད། ན་ཉིན་དགོངས་པ་རྫོགས་པ་དེ་འདྲ་རེད། དེ་ཡིན་དུས་ཁོ་རང་གི་དགོངས་པ་ནང་བཞིན་བྱས་ཏེ་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་ཁམས་རྣམས་སུ་སྐྱེ་བ་དང་། མགོན་པོ་འོད་དཔག་མེད་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་བཟུང་ནས་སླར་ཡང་མ་འོངས་པར་སེམས་ཅན་གྱི་དོན་དུ་བསམ་བཞིན་སྲིད་པར་བཟུང་ནས་བྱང་ཆུབ་སེམས་དཔའ་དེ་འདྲས་འགྱུར་ཐུབ་པའི་སྨོན་ལམ་ཞུ་གི་ཡོད། དེ་བཞིན་ང་རང་ཆུང་ཆུང་སྐབས་༸ཀརྨ་པ་ཡིན་པ་ངོས་འཛིན་མ་བྱས་པའི་སྔོན་ལ་ང་ཚོའི་ཁྱིམ་མཚེས་ཤིག་ཡོད་རེད། སྐྱ་ངན་དང་ཚུལ་དགའ་ཟེར་བ་གཉིས་ཡོད་རེད། ཁོ་རང་གཉིས་ཨ་མ་གཅིག་དང་བུ་མོ་གཅིག་མ་གཏོགས་ཡོད་མ་རེད། ཁོ་རང་གཉིས་དེའི་བཟོ་འདྲ་རེད། རྒན་ཆོས་བྱས་པའི་བཟོ་རེད། རྒས་ནས་རབ་ཏུ་བྱུང་བའི་བཟོ་འདྲ་ཆགས་བསྡད་ཡོད་རེད། ང་ཆུང་དུས་ནས་ཁོང་གཉིས་ཀྱིས་དཔེ་བྱམས་པོ་བྱེད་ཅིང་དད་གུས་ཧ་ཅང་བྱེད་ཀྱི་རེད། དད་གུས་ཆེ་ཐག་ཆོད་ནས་གཞན་དག་ཚོས་ཁོ་ལ་དད་གུས་བྱེད་དགོས་དོན་གང་ཡིན་ཧ་མ་གོ་ནས་ང་ཚོའི་ནང་མི་ཚོས་ཡང་སྐྱ་ངན་དང་ཚུལ་དགའ་གཉིས་ཀྱིས་ཁྱོད་ལ་དད་པ་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་དགོས་པ་དེ་འདྲ་ང་ལ་ག་དུས་ཡིན་ནའང་ཟ་མ་ཞིམ་པོ་སྤྲད་དེ་དཔེ་མི་སྲིད་པའི་དད་པ་བྱེད་ཀྱི་རེད། ཆུང་དུས་ང་ག་དུས་དུས་ཚོད་བྱུང་ནའང་ཁོང་ཚོའི་སར་ཕར་ཕྱིན་བྱས་ཟ་རྒྱུ་འདུག་ན་ཟ། འཐུང་རྒྱུ་འདུག་ན་འཐུང་དེ་འདྲ་བྱེད་ཀྱི་ཡོད་ཆུང་དུས་ནས་བཀའ་དྲིན་ཆེན་པོ་འདྲ་ཡིན། མོ་རང་ཨ་མ་སྔོན་མ་ནས་གྲོངས་ཚར་བ་རེད། སྐྱ་ངན་མོ་རང་ཨ་མ་རེད་ཨ་མ་གྲོངས་ཚར་བ་རེད། ཚུལ་དགའ་འདྲ་བོ་ཡིན་ན་ཡང་གྲོངས་ནས་ཕལ་ཆེར་ལོ་གཅིག་ཙམ་འགྲོ་གི་མེད་འགྲོ། དེ་དག་ཐམས་ཅད་ང་རང་གི་འབྲེལ་ཐོགས་ནང་ནས་གལ་ཆེ་ཤོས་འབྲེལ་བ་ཆེ་ཤོས་འདྲ་ཞིག་ཆགས་བསྡད་ཡོད་རེད། གང་རེད་ཅེ་ན། ང་རང་ཆུང་ཆུང་སྐབས་ནས་ཡག་པོ་བྱེད་མཁན་རེད། ཀརྨ་པ་ཆགས་ཚར་དུས་ཡག་པོ་བྱེད་མཁན་གནམ་ས་གང་བསྡད་ཡོད་རེད། ད་ཡིན་ན་དེའི་སྔོན་ལ་ཡག་པོ་བྱེད་མཁན་དམིགས་བསལ་ཁོང་གཉིས་འདྲ་རེད། གཙོ་བོ་ཁོང་གཉིས་ཀྱིས་ང་ལ་དམིགས་བསལ་འདྲ་བྱེད་ཀྱི་རེད། དེ་དག་ཐམས་ཅད་ལ་རྗེས་སུ་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་ཐུགས་སྨོན་སྐྱབས་མཇུག་གནང་རོགས་གྱིས་རྒྱུ་དེ་འདྲ་ཡིན། མདོར་ན་དེ་རིང་གཙོ་བོ་ང་རང་ཚོའི་བཀའ་བརྒྱུད་སྨོན་ལམ་འདི་གཤིན་པོ་དང་གསོན་པོའི་དད་རྫས་དང་གཤིན་རྫས་དེ་ཚོ་ལ་བརྟེན་ནས་ང་ཚོའི་སྨོན་ལམ་འཚོགས་ཐུབ་པ་ཡོང་གི་ཡོད། དེ་ཡིན་དུས་ཁོ་རང་ཚོའི་བསམ་པ་རྫོགས་པ་དང་། ཁོ་རང་ཚོའི་གནས་སྐབས་མཐར་ཐུག་ལ་བདེ་བ་ཡོང་བ་ཞིག་གི་དོན་དུ་བསྔོ་བ་དང་སྨོན་ལམ་མཛད་དགོས་པ་དེ་གལ་ཆེན་པོ་རེད་བསམ་དྲན་གྱི་འདུག །དེ་ཡང་བསྔོ་བ་དང་སྨོན་ལམ་ཁ་ནས་འདོན་པ་ཙམ་མ་ཡིན་པར་སྙིང་ཐག་པ་ནས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ཐོག་ནས་ཐུགས་སྨོན་མཛད་རྒྱུ་དང་། དེ་བཞིན་འཁོར་གསུམ་མི་རྟོགས་པའི་བློས་རྩིས་ཟིན་པའི་ཐོག་ནས་ཐུགས་སྨོན་མཛད་རྒྱུ་དེ་འདྲ་ཞིག་བྱུང་པ་ཡིན་ན་ཏན་ཏན་ཁོ་རང་ཚོས་དགེ་རྩ་བསགས་པ་བཞིན་དོན་དུ་འགྱུར་བ་ཞིག་ཡོང་གི་རེད་བསམ་པ་དྲན་གྱི་འདུག །དེ་འདྲ་ཡིན་དུས་འདིར་འདུས་པའི་གཙོ་ཆེར་༸རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲཱི་ཆེན་པོ་རེད། དེ་བཞིན་མི་འགྱུར་རིན་པོ་ཆེ་མཆོག་རེད། བླ་སྤྲུལ་དགེ་བཤེས་གཉེན། དེ་བཞིན་དགེ་འདུན་འདུས་པ་རྒྱ་མཚོ། དད་ལྡན་གྱི་མང་ཚོགས་ཚང་མས་ཐུགས་ཡིད་གཅིག་འདྲེས་ཀྱི་ཐོག་ནས་ཐུགས་སྨོན་མཛད་ནས་ང་རང་ཚོའི་འབྲེལ་ཡོད་ཀྱི་ཕ་དང་མ་དང་དགེ་བཤེས་གཉེན་གཙོ་བོར་གྱུར་པའི་སེམས་ཅན་ཚེ་ལས་འདས་ཚད་ཐམས་ཅད་གནས་སྐབས་བར་དོའི་འཇིགས་སྐྲག་ཡ་ང་དེ་དག་ལས་བྲལ་ཞིང་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོང་འཕང་བདེ་བླག་ཏུ་ཐོབ་པའི་ཐུགས་སྨོན་རྒྱ་ཆེན་པོ་མཛད་རོགས་གནང་ཞུ་རྒྱུ་ཡིན་ཐུགས་ཆེ་གནང་། ཞེས་གསུངས་གནང་སོང་། ཐུབ་བསྟན་སྦྱིན་པ་ནས།


































