KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འགྲོ་དོན་མཁའ་ཁྱབ་མའི་གསུང་ཆོས་བསྩལ་བ།

༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འགྲོ་དོན་མཁའ་ཁྱབ་མའི་གསུང་ཆོས་བསྩལ་བ།

སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ གྱི་ཕྱི་དྲོའི་གསུང་ཆོས།

༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་དམིགས་མེད་ཆོས་དབྱིངས་ཆེན་པོའི་ཡེ་ཤེས་དབྱིངས་དཔྱད་ཀྱིས་བཀའ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་འབོ་དཀར་རྡོ་རྗེ་འཆང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་མཆོག་གི་སྐུ་ཡི་གསེར་ཕྲེང་འཛིན་པ་ཆེན་པོ་སྐུ་ཐོག་གསུམ་པའི་འཁྲུལ་བྲལ་གྱི་ཡང་སྲིད་དུ་ངོས་འཛིན་གནང་།
དེ་ཡང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་ནི། ༧སྐྱབས་རྗེ་ཀ་ལུ་རིན་པོ་སྐུ་གོང་མ་མཆོག་གིས་ཐོག་མར་དབུ་ཚུགས་གནང་པའི་སྨོན་ལམ་ཆེན་མོ་རྒྱུན་སྐྱོངས་ལེགས་པར་གནང་ཞིང་། ཕྱིས་སུ་སྨོན་ལམ་དེ་ཉིིད་ཀྱི་མཚན་དུ་ཀཾ་ཚང་སངྒ་སྨོན་ལམ་ཞེས་གསོལ་མཛད། དེ་བཞིན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ལ་ཡང་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་སྲི་ཞུ་བསྟི་སྟང་ཞུ་མཁན་ཞིག་ཀྱང་ཆགས་ཡོད་ཕྱིར། ང་རང་ཚོ་ཀཾ་ཚང་དགོན་སྡེ་ཚང་མས་ཡི་རངས་བསྔགས་བརྗོད་ཀྱི་མཆོད་པའི་མེ་ཏོག་ཕུལ་འོས་པ་ཞིག་ཆགས་ཡོད། སྤྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༢ ཉིན་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་གྲུབ་མཐའ་རིས་མེད་ཀྱི་དབུ་ཆོས་མཆོག་སྤྲུལ་མཁན་སློབ་རྣམས་དང་། གནད་ཡོད་མི་སྣ་ཁག །འཛམ་གླིང་ཕྱོགས་མཐའ་ཀུན་ལ་གནས་པའི་༧སྐྱབས་རྗེ་འབོ་དཀར་སྐུ་གོང་འོག་གི་ཞལ་སློབ་རྣམས་གཙོས་པའི་དད་ལྡན་སྐྱ་སེར་ཁྲི་ཚོ་ལ་ཉེ་བ་ལྷན་འཛོམས་ཐོག་མཛད་སྒོ་ཟབ་རྒྱས་ཀྱི་ངང་ནས་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་གསོལ་མཛད། ༧རྒྱལ་དབང་མཆོག་གིས་མཚན་ལ་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་གནང་བ་དང་སྦྲེལ། དེ་ལྟ་བུ་བཀྲ་ཤིས་པའི་སྐལ་བཟང་ལ་འཚམས་འདྲི་དང་སྐུ་གོང་མའི་གསང་གསུམ་གྱི་ཕྲིན་ལས་རྣམས་བདག་གིར་ལེགས་པར་བཞེས་ཤིང་གསན་བསམ་གྱི་ཕ་མཐར་ཕྱིན་ཏེ། བསྟན་འགྲོའི་དོན་དུ་བླ་ན་མེད་པའི་མཛད་ཕྲིན་རྒྱས་པའི་རྟེན་འབྲེལ་མཚོན་བྱེད་དུ། ད་ལན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པ་ལ་༧རྒྱལ་དབང་མཆོག་གི་བཀའ་དགོངས་བཞིན་དུ་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་འགྲོ་དོན་མཁའ་ཁྱབ་མ་དང་། ཀརྨ་པ་མཁའ་ཁྱབ་རྡོ་རྗེས་མཛད་པའི་འགྲོ་དོན་མཁའ་ཁྱབ་མའི་བསྒོམ་བཟླས་དེ་ཉིད། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་ལྷ་བསྒོམ་པ། སྔགས་བཟླ་བ། རྗེས་སུ་ལམ་དུ་ཁྱེར་བ། དགེ་རྩ་བསྔོ་བ་དང་། ཕན་ཡོན་བསྟན་པ་བཅས་དོན་དྲུག་གི་སྒོ་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མ་ལ་ཐོག་མར་ཆོས་འབྲེལ་མཛད་པ་ཡིན།
དེ་ཡང་རྒྱལ་དབང་ཀརྨ་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེའི་སྐབས་སུ། སྨན་སྡོང་དང་འབོ་དཀར་དགོན་པའི་ཕྱོགས་སུ་མི་མང་པོས་སྤྱན་རས་གཟིགས་ཉམས་ལེན་གནང་གིན་ཡོད་པ་དང་། ལྷག་པར་དུ་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་སྐུ་ཕྲེང་དང་པོ་ནས་འཕགས་པ་སྤྱན་རས་གཟིགས་བསྒོམ་བཟླས་ཉམས་ལེན་གནང་གིན་ཡོད་པས། མདོར་ན་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་སྐུ་ཕྲེང་གོང་འོག་ཚང་མ་ལ་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མིན་པའི་ཆོས་འབྲེལ་དམ་ཟབ་ཡོད་པས། ད་ལན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེངས་ ༣༩ པའི་སྔོན་འགྲོའི་གསུང་ཆོས་ལ་ཡང་འཕགས་པ་སྤྱན་རས་བསྒོམ་བཟླས་བཀའ་ཁྲིད་གནང་བའི་བསྐལ་བཟང་གི་ཉི་མ་འཆར་ཏེ་ཉིན་གསུམ་གྱི་སྔོན་འགྲོའི་གསུང་ཆོས་མཇུག་བསྡུས་ཤིང་།
ཇི་སྐད་དུ། འཕགས་པའི་ཐུགས་རྗེའི་དཔྱངས་ཐག་གིས། །
འགྲོ་བ་སྲིད་མཚོ་ལས་དྲངས་ཏེ། །
རྣམ་གྲོལ་བདེ་ཆེན་ཐར་པའི་གླིང་། །
རི་བོ་ཏ་ལར་དབུག་དབྱུང་གསོལ། །
ཞེས་གསུངས་པ་ལྟར་གསོལ་འདེབས་སྨོན་ལམ་བཅས་པས་དགེའོ། །
སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ཉིན་ལ་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་རྒྱལ་ལོ་བཀྲ་ཤིས་ནས།

2025.02.03 Bokar Rinpoche Teaching
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་སྔོན་འགྲོ་གསུང་ཆོས་ཉིན་གསུམ་པ།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༩ པའི་སྔོན་འགྲོ་གསུང་ཆོས་ཉིན་གསུམ་པ།

ཕྱི་ལོ ༢༠༢༥ ཟླ་བ་ ༢ ཚེས་ ༣ ཉིན། སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་མཆོག་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རྭར་རྒྱུན་ལྡན་བཞིན་སྤོས་སྣ་དང་བཅས་སེར་སྦྲེང་གིས་ལེགས་པར་བསུས་ཏེ་བཞུགས་ཁྲིར་བཞུགས་སུ་གསོལ། དེ་ནས་སྨོན་ལམ་ཆེན་མོའི་དབུ་མཛད་ཀྱིས་ཞལ་འདོན་དབུ་ཚུགས་ཤིང་། ཐོག་མར་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བླ་མ་སྤྱི་ལ་གསོལ་བ་འདེབས་པ་རྡོ་རྗེ་འཆང་ཐུང་དང་། མནྜལ་སོ་བདུན་དང་ཆོས་འཁོར་སྐོར་བར་གསོལ་བ་འདེབས་པའི་ཞལ་འདོན་རྣམས་རིམ་པར་འདོན། མནྜལ་གྱི་སྐབས་སུ་དད་ལྡན་སྦྱིན་བདག་འགའ་ཞིག་གིས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

དེ་ནས་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་ནས་ཉིན་སྔོན་མའི་གསུང་ཆོས་མཚམས་ནས་མུ་མཐུད་དེ་གསུངས། དེ་ཡང་སྤྱིར་སྙིང་པོའི་དོན་གྱི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་འདི་ལ་རྩ་བའི་སྡོམ་གསུམ་ཡོད་པ་ལས། ཉིན་སྔོན་མར་གདུལ་བྱ་དབང་པོ་མཐའ་མར་སྔོན་འགྲོའི་ཆོས་བཞི་དང་། དབང་པོ་འབྲིང་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་གཉིས་ཀྱི་བཀའ་ཁྲིད་ལེགས་པར་བསྩལ་བས་ན། ཉིན་འདིར་དབང་པོ་རབ་ལ་སྐུ་གསུམ་ངོ་སྤྲོད་པ་ནས་བཟུང་མཇུག་ཡོངས་སུ་རྫོགས་པའི་བར་སྔ་དྲོའི་ཆོས་ཐུན་གཉིས་ལ་བཀའ་ཁྲིད་ཟབ་རྒྱས་མཛད། དམིགས་བསལ་དུ་རིན་པོ་ཆེ་མཆོག་ནས། སྔ་དྲོའི་ཐུན་གཉིས་པར་ཟབ་མོ་མན་ངག་གི་ཆོས་འདི་བཤད་པའི་ཆོས་མིན་པར་གཙོ་བོ་ཉམས་ལེན་གྱི་ཆོས་ཡིན་ཞེས་གསུངས་ནས། དད་ལྡན་འདུས་པ་ཡོངས་ལ་བཀའ་ཁྲིད་ཟབ་མོ་མཛད་པ་དང་སྦྲག་སྐར་མ་འགའ་ཞིག་སྒོམ་དུ་བཅུག །

ཟབ་མོ་བཀའ་ཁྲིད་ཀྱི་སྙིང་དོན་ནི། གནད་བཞི་ཆོས་ཉིད་ལས་དངོས་གཞི་ཉམས་ལེན་མཛད་པ་ན་བླ་མ་ལ་མོས་པ་བྱ་དགོས་གནད་འགག་ཆེ་ཤོས་དང་། དེའི་སྐབས་སུ་ཀརྨ་པ་མི་བསྐྱོད་རྡོ་རྗེ་མཛད་པའི་ཐུན་བཞི་དང་། རྒྱལ་དབང་ཀརྨ་པ་སྐུ་བཅུ་དྲུག་པའི་གསུངས་པའི་བླ་སྒྲུབ་སྐུ་བཞི་མྱུ་གུ་སྐྱེད་བྱེད་གཉིས་ཀྱི་ཞལ་འདོན་བྱེད་ན་ཤིན་ཏུ་ལེགས་པར་གསུངས། དབང་པོ་འབྲིང་ལ་གནད་བཞི་ཆོས་ཉིད་གསུངས་པ་དེའང་གསུངས་སྟངས་མི་འདྲ་བ་ཙམ་མ་གཏོགས་སྐུ་གསུམ་ངོ་སྤྲོད་ཡིན་ཞིང་། ཅུང་ཙམ་མི་གསལ་བའི་ཚུལ་དུ་བྱས་ནས་བསྟན་པ་དང་། སྲོག་རྩོལ་རླུང་གི་ངོ་བོ། བྱེད་ལས། དེ་བཞིན་ལུས་སྦྱོང་དང་། གཏུམ་མོ་སྐོར་རྣམས་ཟབ་རྒྱས་གསུངས།

དབང་པོ་རབ་ལ་སྐུ་གསུམ་ངོ་སྤྲོད་ཐད་ཀར་དུ་སྟོན་པའི་གདམས་ངག་གི་སྐབས་སུ། སྤྱིར་སྟོན་པ་སངས་རྒྱས་ཀྱིས་ཆོས་ཐམས་ཅད་དེ། ཁམས་གསུམ་དང་། སྐྱེ་ཤི་བར་དོ་གསུམ། གཉིད་སད་རྨི་ལམ་རྣམས་སྐུ་གསུམ་གྱི་རང་བཞིན་ཡིན་སྟངས། སྐུ་གསུམ་གྱི་རང་བཞིན། དབང་པོ་རབ་འབྲིང་མཐའ་མ་རྣམས་ལ་སྟོན་སྟངས། དམིགས་བསལ་གྱིས་སྐབས་འདིར་ཐེག་པ་གཞན་དང་མི་འདྲ་བར་སྐུ་གསུམ་ཅིག་ཅར་དུ་བསྟན་པ་དང་། སྒོམ་ཚུལ་གྱི་སྐོར་དང་། མཐར་ཐུག་ཆོས་སྐུའི་ངོ་སྤྲོད་རྣམས་བཀའ་ཁྲིད་ཞིབ་རྒྱས་གནང་།

མཐའ་མར་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་གང་ཉིད་ཀྱིས་མཐར་ཐུག་སྙིང་པོ་དོན་གྱི་ཟབ་ཆོས་སྐུ་གསུམ་ངོ་སྤྲོད་དེ་ཉིད་༧དཔལ་རྒྱལ་བའི་དབང་པོ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་སྐུ་མདུན་ནས་ཀརྨ་པ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་སྐབས་སུ་བཞེངས་པའི་འབྲས་ལྗོངས་རུམ་བཏེག་དགོན་རྙིང་དུ་ཞུས་ཤིང་། སྐབས་གཞན་དུའང་ལན་མང་དུ་ཐོབ་པར་གསུངས།
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༩ པའི་སྔོན་འགྲོའི་གསུང་ཆོས་སྐབས། ༧རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་དང་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་གསོལ་འདེབས་ཞུས་པ་བཞིན་སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་པ་ཆེན་པོ་མཆོག་ནས་ཉིན་གཅིག་ལ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཡི་དམ་གྱི་གཙོ་བོ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བཀའ་དབང་དང་། ཉིན་གཉིས་སུ་རང་རེ་ཀཾ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ཆེན་གྱི་གདམས་པ་སྐུ་གསུམ་ངོ་སྤྲོད་ཀྱི་གསུང་ཆོས་ཀྱི་བཀའ་དྲིན་བསྐྱངས་པར་མཛད། དེ་ནས་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་དབུས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འགན་འཛིན་ཀརྨ་ཆོས་གྲགས་དབུས་པའི་ལས་སྣེ་རྣམས་དང་གནད་ཡོད་མི་སྣ་འགའ་ཞིག་ནས་བཀའ་དྲིན་བཏང་རག་ཏུ་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ལེགས་པར་ཞུས་ཏེ་སྔོན་འགྲོའི་གསུང་ཆོས་ལེགས་པར་གྲུབ་པཔར་མཛད་དོ།

བཀའ་ཆོས་ཉིན་གསུམ་པའི་གནས་ཚུལ་ཉུང་བསྡུས་ཤིག་གུས་གངས་ལ་ཉི་ཤར་ནས།

2025.02.03 Gyaltsab Rinpoche Teaching Part 3
༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲྭི་ཆེན་པོ་མཆོག་གི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་གཉིས་པ།

༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲྭི་ཆེན་པོ་མཆོག་གི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པའི་ཆོས་ཐུན་གཉིས་པ།

ཆོས་ཐུན་སྔ་མའི་འཕྲོས་ལས་མུ་མཐུད་དེ་གསུངས་པ་འདི་ལྟར།
ད་དེ་ལ་རྡོར་སེམས་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་འབྲེལ་ནས་གསུང་ཡོད་རེད། རང་གི་སྤྱི་བོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཅིག་བསྒོམ། དེའི་སྟེང་དུ་ཧཱུྃ་དཀར་པོ་ཞིག་བསམ་དེ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས་པ། གཡོན་དྲིལ་བུ་དཀུ་ལ་བརྟེན་པ། དུས་རྒྱུན་ལྟར་བསྒོམ། བ་ཏིའི་ཤམ་ཐབས་ཅན། བ་ཏའི་ལབ་དུས་ལྷའི་གོས་ལྷ་ཡི་ལུང་པ་ལ་ཡོད་པའི་གོས་སོ་སོ་སྐྱེ་བོའི་སྤྱོད་ཡུལ་ལས་འདས་པ་ཁྱད་པར་འཕགས་པ་ཞིག་ལ་གོ་དགོས་ཡོད་ས་རེད། སྐུ་སྨད་ལ་ཤམ་ཐབས་གསོལ་བ། སྐུ་ལ་རིན་པོ་ཆེའི་དབུ་རྒྱན་དང་མགུལ་རྒྱན་ལ་སོགས་པ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གསལ་བར་བསྒོམ། དེ་ལྟར་དུ་བསྒོམས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་མཐར་ཡི་གེ་བརྒྱ་པའི་བསྔགས་ཀྱིས་སྐོར་བ་དེ་ལས་བདུད་རྩིས་དཀར་པོའི་རྒྱུན་བྱུང་སྟེ་རྡོ་རྗེ་སེམས་དཔའི་སྐུའི་མཐེ་བོང་ནས་མར་བབས་རང་གི་ཚངས་པའི་བུ་ག་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་སྟེ་ལུས་ཐམས་ཅད་གང་། སྤྱི་བོ་ཚངས་པའི་བུ་ག་ནས་མར་བྱུང་བས་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམ་ཞིང༌། དེ་ལྟར་བསྒོམ་ནས། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ། ས་ཏྭ་ཨཱཿ ཡི་གེ་བརྒྱ་པ་གྲངས་གང་ཐུབ་གསོག ད་ང་ཚོ་སྤྱིར་གསང་སྔགས་ཀྱི་ཆོས་ཉམས་སུ་ལེན་མཁན་ཞིག་ལ་མཚོན་ན་རྡོར་སེམས་བཟླས་པ་ཉིན་རེ་མ་ཆགས་པར་ཉམས་སུ་ལེན་དགོས་པ་རེད། ད་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམས་ནས་རང་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་པར་བསྒོམ། འདི་བླ་མའི་རྣལ་འབྱོར་དང་ཡི་གེ་བརྒྱ་པ་ལ་བརྟེན་ནས་སྒྲིབ་པ་སྦྱོང་བ་དེ་ཡིན། བླ་མའི་རྣལ་འབྱོར་དང་གཅིག་པ་ཡིན། ད་མཎྜལ་ལ་བརྟེན་ནས་ཚོགས་གསོག་པའི་མན་ངག་ཉམས་སུ་བླང་བ་ནི། རང་གི་མདུན་དུ་མཎྜལ་གཅིག་བཞག་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ་ཞིང་ཡི་གེ་བརྒྱ་པ་ཚར་གཅིག་བརྗོད། གཟུང་བ་དང་འཛིན་པའི་མ་དག་པའི་སེམས་ལ་མ་ཡིན་པར་དག་པ་གནས་ལུགས་ཀྱི་སེམས་ལ་བཞག་ནས། མཎྜལ་དེའི་དཀྱིལ་དུ་འབྲུ་སམ་རིན་པོ་ཆེ་ལ་སོགས་པའི་ཚོམ་བུ་གཅིག་བཞག་ནས། ཚོམ་བུ་དེ་ཉིད་གདན་སེང་གེ་བརྒྱད་ཁ་ཕྱིར་བསྟན་པའི་སྟེང་དུ་པདྨ་དང་ཉི་མ་ཟླ་བ་དེའི་སྟེང་དུ་བླ་མ་རིན་པོ་ཆེ་ཀརྨ་པ་བཞུགས་པ་ཞིག་བསྒོམ། དེ་ལ་མཆོད་པ་ཕུལ་བར་བསམ་ནས་ཨརྒྷཾ་ཨཱཿཧཱུྃ་ལ་སོགས་ཚར་གཅིག་བརྗོད། དེའི་མདུན་དུ་ཡང་ཚོམ་བུ་གཅིག་བཀོད་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རྡོ་རྗེ་འཕགས་མོ་ལ་གསང་སྔགས་ཀྱི་ཡི་དམ་གྱི་ལྷ་ཐམས་ཅད་ཀྱི་སྐོར་ནས་བཞུགས་པར་བསམས་ནས་དེ་ལ་ཡང་མཆོད་པ་གཅིག་ཕུལ། དེ་ནས་གཡས་ཕྱོགས་སུ་ཚོམ་བུ་གཅིག་བཀོད་ནས། སྤྲུལ་སྐུ་ཤཱཀྱ་ཐུབ་པས་གཙོར་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསྒོམས་ལ། དེ་ལ་མཆོད་པ་གཅིག་འབུལ། དེའི་རྒྱབ་ཀྱི་ཕྱོགས་སུ་ཡང་ཚོམ་བུ་གཅིག་བཀོད་ལ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་པོ་སྟི་རྣམ་པར་བརྩེགས་ནས་བཞུགས་པར་བསྒོམ། དེའི་གཡོན་དུ་ཚོམ་བུ་གཅིག་བཀོད་ནས་སྤྱན་རས་གཟིགས་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་དགྲ་བཅོམ་པ་དཔག་ཏུ་མེད་པས་སྐོར་བར་བསམ། རང་གི་ལུས་འདི་ཡང་མཆོད་པ་འབུལ་རང་ལ་འབྱོར་བ་ག་ཚོད་ཡོད་པ་དེ་ཡང་མཆོད་པ་ཕུལ་བར་བསམ་ནས་མཎྡལ་ཕུལ། རང་གི་སེམས་གང་ལ་ཡང་མ་འགྲོ་བར་སེམས་ཀྱི་གནས་ལུགས་ཀྱི་སྟེང་ལ་བཞག སྒྲ་སྒྲགས་ཐམས་ཅད་གྲགས་པ་དང་སྟོང་པ་དབྱེར་མེད་པ། གཟུང་སྣང་ཐམས་ཅད་གཟུགས་དང་སྟོང་པ་དབྱེར་མེད་པ། གནས་ལུགས་ཀྱི་ངང་དུ་བཞག སེམས་ཀྱི་ངོ་བོ་གསལ་སྟོང་གསལ་ལ་སྟོང་པ་འཛིན་པ་མེད་པ་སྟོང་པ་ཆོས་ཀྱི་སྐུ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་རེད། དེའི་ངང་ལ་མཉམ་པར་བཞག །དེ་ནི་མཎྜལ་དང༌། གསལ་སྟོང་འཛིན་མེད་ལ་བརྟེན་ཏེ་ཚོགས་བསགས་པའི་གདམ་ངག་གོ །དེའི་ནང་དུ་སྔོན་དུ་འགྲོ་བའི་ཆོས་བཞིའི་མན་ངག་ཚང་སོང་བ་རེད།
ད་དངོས་གཞི་གནད་བཞིའི་མན་ངག་ཁྱད་པར་དུ་འཕགས་པ་སྟོན་ཏེ། གནད་འགག་ཆུང་ཆུང་ཞིག་ཉམས་སུ་ལེན་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་གནད་འགག་ཐམས་ཅད་ཉམས་སུ་ལེན་པ་དང་ཁྱད་མེད་པ་ལྟ་བུ། གནད་གཅིག་གི་ནང་དུ་གནད་མང་པོ་ཚང་སྡོད་པ་ལྟ་བུ། དེའི་ནང་ནས་དངོས་གཞི་ལུས་ཀྱི་གནད་གལ་ཆེ་སྟེ། ལུས་ཀྱི་གནད་འདི་དཔེ་མི་སྲིད་པ་གལ་ཆེན་པོ་ཡིན། ལུས་ཀྱི་གནས་ཐབས་སྒོམ་པའི་གནད་ཅེས་པས་སྒོམ་རྒྱབ་པའི་གནད་ཡང་དེར་ཚང་ཡོད། ལུས་ཀྱི་གནས་ཐབས་འདི་དཔེ་གལ་ཆེན་པོ་རེད། སྔར་གྱི་ལོ་རྒྱུས་ནང་ལ་སྒྲ་སྒྱུར་མར་པ་ལོ་ཙཱ་བ་ལུས་གནད་སྲང་ནས་བཞུགས་སྡོད་པའི་སྐབས་སུ་ཡང་། སྒྲ་སྒྱུར་མར་པ་ལོ་ཙཱ་བའི་སྐུའི་བཞུགས་སྟངས་མཐོང་བ་ཙམ་གྱིས་ཞལ་ནས་ཆོས་གསུང་མ་དགོས་པར་སེམས་ཀྱི་གནས་ལུགས་རྟོགས་པ་ཁ་ཤས་བྱུང་ཡོད་རེད། ལུས་བཏང་སྙོམས་རྩོལ་སྒྲུབ་མེད་པ་སྐྱིལ་ཀྲུང་བཅའ། ངག་མ་བཅོས་པ་རང་སར་བཞག །ངག་མ་དག་པའི་གཏམ་འདྲ་བོ་མ་བཅོས་པ་རང་སར་བཞག །ངག་གི་དུས་རྒྱུན་མ་དག་པའི་གཏམ་སྐད་ཆ་མང་པོ་བཤད་སྐབས་སུ་ལུས་ཀྱི་རླུང་ཐམས་ཅད་འཁྲུགས་ནས་ཏིང་ངེ་འཛིན་ཡང་རྒྱུད་ལ་མི་སྐྱེས་དགེ་བའི་བློ་ཡང་རྒྱུད་ལ་མི་སྐྱེས་ཉོན་མོངས་པ་ཐམས་ཅད་ཡར་འཕེལ་བ་ལ་སོགས་པ་སྐྱོན་མང་པོ་ཡོད། ད་ཉམས་ལེན་གནང་མཁན་ཚོས་ངག་གི་སྐད་ཆ་རྩ་ནས་མི་བཤད། འདོན་པ་འདོན་སྐབས་སྐད་ཆ་ཐམས་ཅད་ཕར་སྤང་ནས་ཟླ་བ་རེ་གཉིས་ཙམ་ཁ་བཅད་ནས་སྡོད་གལ་སྲིད་སྐད་ཆ་བཤད་དགོས་ན་ཡང་ཡི་གེ་འབྲི་ནས་བཏོན་པ་དེ་འདྲ་གནང་བའི་ལུགས་སྲོལ་ཡོད་པ་རེད། དེ་ནས་ཚོགས་དྲུག་མིག་སྣ་རྣ་ལྕེ་ལུས་ཡིད་ཀྱི་རྣམ་ཤེས་ཚོགས་དྲུག་ཡུལ་སོ་སོ་སོ་སོ་ལ་འཇུག་པའི་འཇུག་ཤེས་དྲུག་གི་སྣང་བ་དགག་པ་ཡང་མེད། སོར་ཆུད་པ་ཡང་མ་གྲུབ་པར་རང་བབས་གནས་སུ་བཞག་ནས་སེམས་ཀྱི་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་ན་མིག་དང་སྣ་རྣ་ལྕེ་ལ་སོགས་པ་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་ལ་གནས་འགྲོ་གི་ཡོད་རེད། དེའི་ངང་ལ་མཉམ་པར་བཞག ཡུན་རིང་དུ་གནས་པ་དང་རང་གྲོལ་དུས་གནས་ནས་དེ་ཡིན་ན་གང་ཟག་གི་ཁྱད་པར་གྱི་ཁ་ཤས་ཡུན་རིང་པོ་གནས་ཐུབ་ན་ཡག་པོ་ཡོད་རེད། ཁ་ཤས་ཡུན་རིང་པོ་གནས་ཙམ་མ་ཟད་རང་སར་གྲོལ་ནས་འགྲོ་བ། སྒོམ་ཉམས་ལེན་ཡག་པོ་ཡོད་ན་ཚོགས་དྲུག་གི་ཤེས་པ་ཐམས་ཅད་གནས་ལུགས་ཀྱི་ངང་དུ་གྲོལ་འགྲོ་བ་སྒྲིབ་པ་ཐམས་ཅད་གྲོལ་འགྲོ་བ་གནས་པ་ནི་ལུས་ཀྱི་གནད་ཡིན་ཏེ།
ད་འདི་ནས་དུས་རྒྱུན་ང་རང་ཚོས་བཤད་སྡོད་ཡ་རྣམ་སྣང་ཆོས་བདུན་འདི་རེད་དེ་གསུང་སྟངས་མ་འདྲ་བ་ཞིག་གསུངས་འདུག རིན་པོ་ཆེ་ཀརྨ་པའི་ཞལ་ནས་འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི། བདེ་དང་ཡང་དང་ལྷོད་དང་གསུམ། །ཞེས་ལུས་ཀྱི་འཇོག་ཚུལ་ནི་བདེ་བོ་བྱེད་ནས་སྡོད་པ། མ་བདེ་བ་དེ་འདྲ་ཡིན་ན་སྒོམ་ཡག་པོ་སྐྱེས་ཀྱི་མ་རེད། རང་གང་བདེ་བ་དེ་བྱེད་དགོས་རེད། ཡང་པ་ནི་དཔུང་པ་རྒོད་གཤོག་ལྟར་ཡང་པ་མགྲིན་པ་ཅུང་འགུགཔ་ལ་སོགས་པ་དང་སྐྱིལ་ཀྲུང་བཟོ་ནས་བཅུམ་བཅུམ་བྱེད་ནས་སྡོད་པ་མ་ཡིན་པར་ཡང་པོ་བྱས་ནས་སྡོད་པ། ལྷོད་པ་ནི་དཀའ་ལས་ཆེན་པོ་བརྒྱབ་ནས་སྡོད་སྡོད་ན་སེམས་ཏིང་ངེ་འཛིན་སྒོམ་ཐུབ་ཀྱི་མ་རེད་དཀའ་ལས་ཆེན་པོ་རེད་མ་སོང་བ་ངལ་གསོ་གིན་གསོ་གིན་བྱེད་ན་ལྷོད་པོ་བྱེད་གསུངས་པ་རེད། ལག་པ་ས་གནོན་གྱི་ཕྱག་རྒྱ་བཅས་ནས། ཞེས་པ་ལག་པ་པུས་མོ་གཉིས་ལ་མར་བཞག་ནས། སེམས་སེམས་ཉིད་ཀྱི་གཤིས། ཞེས་པ་སེམས་རང་གི་གནས་ལུགས་ངང་ལ་བཞག ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་རྣམས་ཀྱང་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པ་མ་གཏོགས་གཟུགས་མཛེས་པ་དེ་འདྲ་ལ་ཡག་པོ་རེད་ལབ་ནས་ཞེན་པ་དང་། སྡུག་པ་ལ་སྡུག་པ་འདུག་ལབ་ནས་གཡུག་བཞག་པ་དེ་འདྲ། སྒྲ་སྙན་པ་ལ་དགའ་མི་སྙན་པ་ལ་མི་དགའ་བ་དེ་འདྲ་མ་ཡིན་པ་ཡག་ཉེས་གང་ལ་ཡང་ཞེན་པ་དང་ཆགས་པ་མེད་པ་གནས་ལུགས་ལ་ཁྱད་པར་མེད་པ་གཅིག་པ་ཡིན་པ། དེའི་དབྱིངས་སུ་རང་བབས་སུ་མཉམ་པར་བཞག
ད་འདི་ནས་བླ་མའི་རྣལ་འབྱོར་བསྒོམ་པ་མོས་གུས་ཀྱི་གནད་སྟོན་པ་རེད། དད་པ་དང་མོས་གུས་རྒྱ་ཆེན་པོ་ཤུགས་ཆེན་པོ་དགོས་ཀྱིས་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུང་བའི་སྐབས་སུ་ཡང་། དད་པ་ནི་ཆོས་རྣམས་ཀྱི་སྒོ། བསམ་པ་མི་ཤེས་པས་སོ། དགེ་བའི་བློ་ག་ཚོད་སྐྱེས་པ་དེའི་རྗེས་སུ་ཤུགས་ལ་སླེབས་ཡོང་གི་རེད། དད་པའི་སྒོ་ནས་རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་ཀརྨ་པ་དང་ཐ་མི་དད་པ་དཔལ་རྡོ་རྗེ་འཆང་སྐུ་མདོག་ཤིན་ཏུ་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་ས་གནོན་གྱི་ཕྱག་རྒྱ་མཛད་ཅིང་སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེ་ལྟ་བུ་བསྒོམ་པར་གསུངས་ཏེ། རྒྱུད་ལས། བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་གསུངས་པས་རྡོ་རྗེ་འཆང་དང་བླ་མ་གཉིས་གདོད་མ་ནས་གོང་དུ་བཤད་པ་ལྟར་ཐ་མི་དད་པ་ལ་ཐ་དད་དུ་དབྱེར་མི་རུང་བར་བཞུགས་པར་བསྒོམས། དེ་ལྟར་བཞུགས་པ་དེ་ཉིད་ལ་བཀའ་བརྒྱུད་ཀྱི་བླ་མ་གྲུབ་ཐོབ་ཐམས་ཅད་ཀྱིས་བསྐོར་ནས་ཁྱད་པར་སྐུ་གསུམ་ངོ་སྤྲོད་དེའི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམ་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངོ་བོ་དཔལ་རྡོ་རྗེ་འཆང་བཀའ་བརྒྱུད་ཀྱི་བླ་མའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་སྐྱབས་སུ་མཆིའོ། །བདག་གི་ལུས་ངག་ཡིད་གསུམ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། དེ་ལན་གྲངས་མང་པོ་གསོག་ནས་གསོལ་བ་གདབ། ཞེས་གསོལ་བ་བཏབ་པས་བཀའ་བརྒྱུད་བླ་མ་ཐམས་ཅད་དཔལ་རྡོ་རྗེ་འཆང་ལ་ཐིམས། རྡོ་རྗེ་འཆང་ཉིད་འོད་དུ་ཞུ་ནས་བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་བྱུང་བས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ཉིད་ལ་ཐོབ་པར་བསམ་དགོས་རེད། བདེན་པའི་གནས་ལུགས་ལ་བརྟེན་ནས་རང་ཉིད་དང་བླ་མ་དབྱེར་མེད་པར་བསྒོམ་བཞག་ན་མཐར་ཐུགས་བླ་མ་དང་དབྱེར་མེད་པ་རེད་ཡོད་རེད། བླ་མ་རང་ཉིད་ལ་ཐིམ་པར་བསྒོམ་ཡ་འདི་གནས་ལུགས་ཀྱི་དོན་ལ་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་བདེ་བཞིན་ཉིད་ལ་དབྱེར་མེད་པ་རེད། བདེན་པའི་གནས་ལུགས་དེ་འདྲ་ཡིན་དུས་དེ་བསྒོམ་བཞག་ན་བདེན་པའི་གནས་ལུགས་མངོན་དུ་འགྱུར་ཡོང་གི་རེད། དུས་རྟགས་ཏུ་དེ་འདྲ་བསྒོམ་དགོས་རེད། དེ་ཡང་ཀྱེའི་རྡོ་རྗེའི་རྒྱུད་ལས། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་པ་ལྟར་དུ། བླ་མའི་བྱིན་རླབས་སྙིང་ལ་བཞུགས་པ་དེའི་རྒྱུ་རྐྱེན་འཛོམས་པ་ལ་བརྟེན་ནས་རྟོགས་དགོས་པ་རེད། དེ་ཡང་བླ་མ་མིའི་གཟུགས་སུ་མི་སྒོམ། བླ་མ་དཔལ་ལྡན་རྡོ་རྗེ་འཆང་དུ་བསྒོམ་པ་དེ་རེད། ནཱ་རོ་པའི་ཞལ་ནས། ཡོན་ཏན་ཀུན་གྱི་གཏེར་མཛོད་བླ་མ་སྟེ། །ཆོས་རྣམས་ཀུན་གྱི་རྩ་བ་བླ་མ་ཡིན། །ཞེས་པའི་ཕྱིར་ན་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོ་དཔལ་རྡོ་རྗེ་འཆང་དུ་བསྒོམ་པ་ནི། བླ་མའི་རྣལ་འབྱོར་བསྒོམ་པ་མོས་གུས་ཀྱི་གནད་དོ། །
ད་ནི་རླུང་གི་གནད་སྟོན་ཏེ། རླུང་དེ་ལ་ཡང་དག་པའི་རླུང་དང་མ་དག་པའི་རླུང་གཉིས། མ་དག་པའི་རླུང་ནི་སེམས་ཅན་རྣམས་ཀྱིས་ལས་བསགས་པ་ལ་བརྟེན་ནས་བྱུང་བ་རེད། མ་དག་པའི་རླུང་གིས་སེམས་ཀྱི་ཉོན་མོངས་པ་ཐམས་ཅད་སྐྱེས་ཡོང་བ་རེད། མ་དག་པའི་འཁྲུལ་པའི་སྣང་བ་ཐམས་ཅད་ཀྱང་སྐྱེས་ཡོང་བ་རེད། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱང་རླུང་གིས་བཟོས་ཀྱི་ཡོད་རེད། ད་དག་པའི་རླུང་འདི་གནས་ལུགས་ཀྱི་དོན་སེམས་ཀྱི་གནས་ལུགས་སམ་ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས་ལབ་ན་ཡང་དེ་ཡིན། དེའི་རང་བཞིན་ལབ་ཡང་དེའི་བྱེད་ལས་ལ་རླུང་གཅིག་ཡོད་རེད་དེ་རེད། རླུང་དེའི་བྱེད་ལས་ཀྱིས་མ་དག་པའི་རླུང་ཐམས་ཅད་མེད་པར་བཟོས་ཀྱི་ཡོད། མ་དག་པའི་སྡུག་བསྔལ་དང་འཁོར་བའི་རྣམ་པར་རྟོག་པའི་སྣང་བ་ཐམས་ཅད་ཀྱང་མེད་པར་བཟོ་ཡི་ཡོད་རེད། དེ་ནས་དག་པ་སྐུ་བཞི་དང་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་གིས་ཐོབ་པར་བྱེད་ཀྱི་ཡོད་རེད། དེ་ལྟ་བུའི་རླུང་དེ་རྫོགས་པའི་སངས་རྒྱས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་ཁག་ནང་ལ་གསུངས་ཡོད་རེད། ཐུན་མོང་མདོའི་ནང་ལ་རླུང་དེ་གསལ་པོར་གསུང་ཡོད་མ་རེད། རྩ་བ་རླུང་དེ་གསུང་ཡོད་མ་རེད། ད་ང་ཚོས་ལུས་གནད་སྡོད་ཐང་འདི་ཚོ་ལ་བརྟེན་ནས་རླུང་བསྒོམ་ནས་མ་དག་པའི་རླུང་ཕར་སྦྱང་། དེ་ཡང་རྩ་བ་དེ་ལ་ཐུག་པ་རེད། སེམས་ཅན་ཐམས་ཅད་རླུང་གི་རང་བཞིན་དུ་གནས་པའི་ནང་། སེམས་ཅན་ཐམས་ཅད་རླུང་གི་རང་བཞིན་རེད་མ་དག་པའི་སྐབས་སུ་ཡང་རླུང་དེ་ལ་བརྟེན་ནས་བྱུང་བ་རེད། རླུང་ཡོད་ན་སེམས་ཅན་ཡོད། རླུང་མེད་ན་སེམས་ཅན་མེད། ད་རླུང་འདི་འགྲོ་སྟངས་འགྱུར་སོང་ན་གདོན་དང་གེགས་གནོད་པ་ལ་སོགས་པའི་གེགས་སྣ་ཚོགས་བྱུང་བར་གསུངས་ཏེ། རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་པས་མ་དག་འཁོར་བའི་བྱ་བ་སྣ་ཚོགས། དག་པ་ཡེ་ཤེས་ཀྱི་བྱ་བ་སྣ་ཚོགས་ཐམས་ཅན་རླུང་གི་བྱེད་ལས་བརྟེན་ནས་བྱུང་བ་རེད། །ད་རླུང་བསྒོམ་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །
ད་རླུང་བསྒོམ་ཚུལ་འདྲ་མི་འདྲ་མང་པོ་ཡོད་རེད། འཇམ་པའི་རླུང་དང་། རྩུབ་པའི་རླུང་ལ་སོགས་པའི་ཐ་སྙད་མང་པོ་ཡོད་རེད། རླུང་ཆེན་པོ་བསྒོམ་ཡ་མི་དམངས་ལ་བཤད་ཤེས་ས་མ་རེད། རྗེས་མ་ག་ལེ་ག་ལེ་ལྟ་རོགས་བྱོས། ཡིན་ན་ཡང་དེ་ལ་ངེད་འཇམ་རླུང་གཅིག་ཏོག་ཙམ་བཤད་བཞག་གི་ཡིན། རླུང་འདི་ཉིད་བསྒོམ་པ་ནི། ལུས་ཀྱི་གནད་གོང་ལྟར་བྱས་ནས། དང་པོར་རླུང་ཐེངས་གསུམ་ཕྱིར་བུས་པས། གཟུང་བ་དང་འཛིན་པ་ནད་དང་གནོད་པ་ལ་སོགས་པ་ཐམས་ཅད་ཕྱིར་སངས་ཀྱིས་སོང་བར་བསམ་ཞིང༌། དེ་ནས་རླུང་བཟུང་སྟེ། རླུང་གའུ་ཁ་སྦྱོར་དུ་བྱ་ཞིང་འཛིན་པའི་དུས་སུ་མཆིལ་མ་ཞིག་མིད་པ་དང་དུས་མཉམ་པོར་རླུང་བཟུང་ནས་ཡུན་རིང་དུ་བསྒོམ་དགོས་པ་ཡིན་ཏེ། དེ་ལྟར་སྒྱུ་མ་ཆེན་པོ་ལས། སྲོག་དང་རྩོལ་བ་འབད་ནས་སུ། །རྣལ་འབྱོར་པས་ནི་དབུགས་རྔུབས་བྱ། ཞེས་གསུངས་པས། རླུང་བཟུང་ཞིང་། ད་རླུང་དེ་དུས་རྒྱུན་དུ་རླུང་འདི་སྟོད་ལ་ཡར་རྒྱུགས་སྡོད་པ། སེམས་འདི་མགོ་ལ་ཡར་ཡོད་སྡོད་པའི་སྣང་བ་། རླུང་གི་གནས་འདི་ལུས་ཀྱི་ལྟེ་བའི་མཐིལ་ཙམ་ལ་གཏད། རང་གི་གསུས་པ་འདི་ཅུང་ཟད་ཕར་ལྡིར་ཙམ་བྱོས། སེམས་འདི་ཡོད་སྙམ་སེམས་དང་རླུང་གཉིས་གཅིག་པ་རེད། དེ་ལ་གནས་ནས་ཡོད་བསམ། ད་དེ་ལ་འབྱམས་རླུང་ཟེར། ཉོན་མོངས་པ་ཞི་བ་དགེ་བའི་བློ་ཐམས་ཅད་སྐྱེས་པ་ལུས་ལ་ནད་སྣ་ཚོགས་པ་མི་འབྱུང་བ་དེ་འདྲའི་ཕན་ཡོན་ཆེན་པོ་ཡོད་རེད། འདིར་ཉུང་ཉུང་བཤད་ཡོད། རླུང་གའུ་ཁ་སྦྱོར་གསུང་པ་རེད། ཁྱོད་རང་ཚོས་སྐུ་གསུམ་ངོ་སྤྲོད་ཉམས་སུ་ལེན་ཚར་ན་མཚམས་ལ་སྡོད་བླ་མའི་སྐུ་མདུན་ནས་བསླབ། དེ་མ་གཏོགས་བཤད་ཤེས་ཀྱི་མ་རེད། རླུང་བཟུང་ཞིང་བླ་མའི་རྣལ་འབྱོར་དང་མ་བྲལ་བར་བརྩོན་འགྲུས་དྲག་པོས་བསྒོམ་པ་ཤིན་ཏུ་གནད་ཆེ་བ་ཡིན་ཏེ། རྗེ་བཙུན་ཆེན་པོ་ཏེ་ལོ་པའི་ཞལ་ནས། རླུང་གི་གནད་བཟུང་རིག་པ་གཅུན་ལ་བོར། །ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་ངང་ལ་མི་གནས་བར་དུ་གཅུན། །ཅེས་གསུངས་པ་ནང་བཞིན་ཆེན་པོ་གནས་ལུགས་ཀྱི་ངང་དུ་བསྒོམ་ནས་རླུང་གནས་ས་ལྟེ་བའི་འོག་ལ་གནས་ཡོད་བསམ་ནས་བསྒོམ་ཤོག་གསུངས། དེ་ལ་ལྟོས་ནས་ང་རང་ཚོ་འཇིག་རྟེན་པ་ལ་དཔེའི་དབང་དུ་བྱས་ན་ལུང་པ་ལ་རྒྱལ་ས་དེའི་མཐའ་ལ་གྲོང་གསེབ་གཅིག་ཡོད་པའི་དབང་དུ་བཏང་ན། རྒྱལ་ས་ལ་བདེ་བོ་བྱུང་། འཁྲུག་པ་མ་ཤོར། ཡར་རྒྱས་ཡག་པོ་ཡོད། སྐྱིད་པོ་ཡོད་ན་མཐའ་སྐོར་གྱི་ལུང་པ་ལ་ཡང་ཡར་རྒྱས་དང་སྐྱིད་པོ་ཡོང་གི་རེད། རྒྱལ་ས་ལ་འཁྲུག་པ་ཤོར། དཀའ་ལས་ཁག་པོ་རེད། ལས་ཀ་ལས་མ་ཐུབ་པ་རེད་ན་དེའི་མཐའ་སྐོར་དུ་ཡོད་པའི་ལུང་པ་ཡང་དེའི་ཆ་ལ་མྱང་འགྲོ་གི་རེད། དེ་ཡིན་དུས་རླུང་གི་རྒྱལ་ས་དེ་ལྟེ་བའི་ཐད་དུ་ཡོད་དེ་གཟུང་ཐུབ་ན་ཡན་ལག་གི་རླུང་ཐམས་ཅད་ཡག་པོ་རེད་འགྲོ་གི་ཡོད་རེད། ཞེས་གསུངས་པས་རླུང་བཟུང་ཞིང་རིག་པ་གསལ་སྟོང་འཛིན་མེད། འོད་གསལ་བའི་ངང་དུ་མ་གཡེང་པར་བཞག་ཅིང་། སེམས་ལ་འཛིན་པ་མེད་རྣམ་རྟོག་རང་སར་བཞག །གསལ་སྟོང་འཛིན་མེད་ངང་ལ་བཞག །ཡང་སེམས་ནག་འཐོམ་མེ་གཉིད་ཁུག་སོང་བ་ལྟ་བུ་མ་ཡིན་པ། འོད་གསལ་བ་གང་ཡང་བྱེད་ཐུབ་པ་རླུང་གཏོང་བའི་དུས་སུ་སྣ་བུག་ནས་དལ་གྱིས་བཏང་ཞིང༌། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་བསམ་པ་ནི། དཔེར་ན་སྣོད་སྤྱད་ངན་པ་འཁྲུད་པ་དང་འདྲ་བས། གོང་དུ་བརྗོད་པ་དེ་བཞིན་དུ་གཟུང་འཛིན་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག་པར་བསྒོམ་པ་ནི། སྲོག་རྩོལ་རླུང་གི་གནད་ཡིན་ནོ། །
ད་ནི་རྩོལ་བ་ལུས་སྦྱོང་གི་གནད་སྟོན་ཏེ། ལུས་ཀྱི་སྒྲིབ་པ་སྦྱོང་བར་བྱེད་པའི་ཆེད་དུ་ལུས་སྦྱོང་སུམ་ཅུ་རྩ་བདུན་པ་བྱེད་པ་ནི་འདི་ཀརྨ་པའི་ཁྱད་ཆོས་རེད་སྲོག་རྩོལ་རླུང་གི་གནད་རྫོགས་པར་བྱ་ཞིང༌། ད་དེ་ཡང་སང་ཉིན་རྗེས་མ་ཆོས་ཉམས་ལེན་བྱ་འདོད་ན་བླ་མའི་སྐུ་མདུན་ལ་སྡོད་ནས་ཞུས། མཚམས་ལ་སྡོད་ནས་མ་གཏོགས་དམངས་ལ་ངས་བཤད་ཤེས་ས་མ་རེད། ད་ལྟ་ལུང་འདོན་བཞག་ཡ་ཡིན། ལུས་ཀྱི་སྒྲིབ་པ་སྦྱོང་བར་བྱེད་པའི་ཆེད་དུ་ལུས་སྦྱོང་སུམ་ཅུ་རྩ་བདུན་པ་བྱེད་པ་ནི་སྲོག་རྩོལ། རླུང་གི་གནད་རྫོགས་པར་བྱ་ཞིང༌། དེའི་ངང་ལས་སྣ་བུག་གི་རླུང་ཐེངས་གསུམ་ཕྱིར་བུས་ཏེ། །དེ་ནས་རླུང་བཟུང་ནས་ལག་པ་གཉིས་ས་གནོན་གྱི་ཕྱག་རྒྱ་བྱས་ལ། གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་དྲུག །དེ་ནས་པུས་མོ་གཡས་པ་ལ་འཇུས་ནས། གཡས་གཡོན་གཉིས་སུ་ཐེངས་གསུམ་བསྐོར་བས་བཅུ་གཉིས། ཡང་པུས་མོ་གཡོན་པ་ལ་འཇུས་ནས། གཡས་གཡོན་གཉིས་སུ་གསུམ་གསུམ་བསྐོར་བས་བཅོ་བརྒྱད། དེ་ནས་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་མནན་ཏེ། ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པའི་སྟངས་གཡས་གཡོན་གྱིས་ལན་གསུམ་གསུམ་བྱས་པའི་ཉི་ཤུ་རྩ་བཞི། དེ་ནས་རྩལ་པོ་ཆེ་མདའ་འགེངས་པ་ལྟར། གཡས་གཡོན་དུ་ལན་གསུམ་གསུམ་བྱས་པས་སུམ་ཅུ་ཐམ་པ། དེ་ནས་རྩ་མདུད་གྲོལ་བར་བྱ་བའི་ཆེད་དུ། ལག་པའི་ནང་ཕྱོགས་གཉིས་ལ་ཡང་ཡར་བྱུག་མར་བྱུག་ལན་གསུམ་གསུམ་བྱས་པས་སུམ་ཅུ་རྩ་དྲུག །དེ་ནས་རླུང་རོ་བསལ་བར་བྱ་བའི་ཆེད་དུ། རོ་སྟོད་རྟ་འགྲེ་མོ་བྱས་ནས་སྤྲུག་པ་ལྟར་སི་ལི་ལི་སྤྲུག་པས་སུམ་ཅུ་རྩ་བདུན་ནོ། །དེ་ལྟར་བརྒྱའམ་ཅི་ནུས་ཀྱིས་སྟོང་ལ་སོགས་པ་བྱས་ནས་ཐང་ཆད་པའི་དུས་སུ་རིག་པ་གང་དུ་ཡང་མི་འཕྲོ་བར་སལ་ལེ་སིང་ངེ་བའི་ངང་ལ་མཉམ་པར་བཞག་ཅིང༌། དེ་ལྟར་དུ་དབང་པོ་རབ་ལུས་སྦྱོང་ཚར་གཅིག་གི་ནང་དུ། འཛིན་སེམས་དྭངས་ཤིང་ཆོས་ཐམས་ཅད་ཆོས་ཀྱི་སྐུར་ཤེས་པ་དང༌། དབང་པོ་འབྲིང་ཟླ་བ་དྲུག་གམ། ལོ་དྲུག་ལ་སོགས་པས་ཆོས་ཀྱི་སྐུ་རྟོགས་པ་དང༌། དབང་པོ་ཐ་མ་ཡང་མི་ཚེ་གཅིག་གིས་སངས་རྒྱས་པར་གསུངས་ཏེ། དེ་ཡང་ནཱ་རོ་པའི་ཞལ་ནས། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། །གྲངས་མེད་གསུམ་གྱི་ས་ལམ་དེ། །སྐད་ཅིག་སུམ་ཅུ་རྩ་བདུན་ལ། །དེ་ཉིད་རྟོགས་པའི་ཡེ་ཤེས་རྙེད། །ཅེས་གསུངས་པས། །མཚན་ཉིད་པས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་འདོད་པ་ལ། འདིར་སྐད་ཅིག་མ་སུམ་ཅུ་རྩ་བདུན་ལ་སངས་རྒྱས་པར་འདོད་པ་ཡིན་པས་ལུས་སྦྱོང་བྱ་ཞིང༌། ཕྱག་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་བསྒོམ་པར་བྱ། དེ་ནི་རྩོལ་བ་ལུས་སྦྱོང་གི་གནད་དོ། །ད་ང་ཚོས་ཐུན་མོང་གི་མདོ་རྣམས་ཀྱི་ནང་དུ་དྲན་པ་ཉེར་བཞག་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དེ་དེའི་སྐབས་སུ་ལུས་སྦྱོང་གི་ཆོས་གནད་ནང་འཐུས་ཡོད་རེད།
ད་ནི་གནད་བཞི་བསྒོམ་པར་བྱ་བའི་རྩ་བ་གཏུམ་མོ་ཡིན་ཏེ། གཏུམ་མོ་ཞེས་པའི་ནི་དྲག་ཏུ་ཁྲོས་པ་ཞེ་སྡང་ངང་ནས་ཁྲོས་པ། ཁྲོས་ནས་ལས་ཀ་ལས་པ། ཁྲོས་ནས་མགྱོགས་པོ་མགྱོགས་པོ་མེད་བཟོ་འགྲོ་གི་རེད། གཏུམ་མོ་བསྒོམ་ནས་མ་དག་པ་མགྱོགས་པོ་མགྱོགས་པོ་བཅོམ་འགྲོ་གི་རེད་གསུངས། གནད་གཞི་དང་སྔོན་འགྲོ་ལ་སོགས་སྔོན་དུ་སོང་ནས། ད་ནི་གཏུམ་མོ་ཉམས་སུ་བླང་སྟེ། དེ་ཡང་བསྒོམ་པའི་དུས་སུ། དང་པོར་བཅའ་བ་ལུས་ཀྱི་གནད་བྱ་སྟེ། བླ་མའི་རྣལ་འབྱོར་བསྒོམས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། ཆོས་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །དེའི་ངང་ལས་པདྨ་དང་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་བདག་ཉིད་ཀྱི་རྣམ་པར་ཤེས་པ་ཡི་གེ་བམ་ཞིག་བསྒོམ་ཞིང༌། དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་པ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་སིལ་བུར་ཡོད་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་དེ་ལྟ་བུའི་ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ཁུ་བསྐྱེད་ལ། དེ་ལྟར་དུ་བསྒོམས་པའི་ལྟེ་བར་ཡི་གེ་རམ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མེ་མཚན་ཉིད་བཞི་ལྡན་ཅིག་བསྒོམས་ནས། མེ་དེ་ཇེ་ཆེར་སོང་བས་དབུ་མའི་ནང་དང༌། རོ་རྐྱང་གཉིས་ཀྱི་རྩའི་ནང་དུ་སོང་བས་ལུས་ཐམས་ཅད་ཡེ་ཤེས་ཀྱི་མེར་གྱུར་བར་བསྒོམ་ཞིང་ཡུན་རིང་དུ་སྐེད་པ་གཡས་བསྐོར་གཡོན་བསྐོར་དུ་བྱ་ཞིང་བསྒོམས་པས་དྲོད་ཆེན་པོ་རབ་ཞག་ཅིག །འབྲིང་གསུམ། ཐ་མ་ཡང་ཞག་བདུན་ན་སྐྱེ་ཞིང༌། ཅི་ལྟར་ཐ་མར་གྱུར་ནའང་ཞག་ཉི་ཤུ་རྩ་གཅིག་གིས་དྲོད་སྐྱེ་བ་ཡིན་ནོ། །བསྒོམ་པའི་དུས་སུ་རྔུལ་ན་དྲོད་མི་སྐྱེ་བས། རྔུལ་སྐེམས་པའི་གདམས་ངག་ནི། གོང་དུ་བཤད་པ་བཞིན་ལུས་སྦྱོང་སུམ་ཅུ་རྩ་བདུན་པ་བྱ་ཞིང་བསྒོམ་མོ། །དེས་ནི་དྲོད་སྐྱེ་བ་མྱུར་ཞིང་རྔུལ་སྐེམས་སོ། །དེ་ནི་ཉམས་སུ་བླང་བའི་མཐིལ་པོ་གཏུམ་མོ་ཡིན་ནོ། །རང་ཉིད་རྡོ་རྗེ་འཕགས་མོ་ལ་བསྒོམ། ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་བཅས་ཕྱོགས་བཞིར་བསྒོམ། དེ་ལྟར་དུ་བསྒོམས་པའི་ལྟེ་བར་ཡི་གེ་རམ་མེའམ་འོད་ཀྱི་རང་བཞིན་ལ་བསྒོམ། དེ་ལས་འོད་མེ་འདྲ་བ་ཞིག་རྩ་ཐམས་ཅད་ཀྱི་ནང་དུ་རྒྱུགས་ནས་རྩ་ཐམས་ཅད་མེས་གང་མ་དག་པ་ཐམས་ཅད་མེད་པར་བཟོས། རླུང་གི་དྭངས་མ་ཐམས་ཅད་ཡར་སྐྱེས་ཡོང་གི་རེད་བ། ད་འདི་རིང་ཆོས་ཐུན་དེ་ཙམ་ཡིན།
མཇུག་ཏུ་རིན་པོ་ཆེ་ནས། ད་རེས་ཁྱེད་རྣམ་པ་ལ་ཞུ་ཡ་གཅིག་བོད་ལ་ས་ཡོམ་ཆེན་པོ་རྒྱུགས་ནས་མི་མང་པོ་ཞེ་དྲག་བསད་ཡོད་རེད་སྡུག་བསྔལ་ཆེན་པོ་བྱུང་ཡོད་རེད། ཁ་ཤས་ཨ་པ་ཨ་མ་ཤི་ཕྲུ་གུ་ལུས། ཁ་ཤས་ཕྲུ་གུ་ཤི་ཨ་པ་ཨ་མ་སྡུག་བསྔལ་མྱང་ནས་བསྡོད། ཁ་ཤས་རྐང་ལག་ལ་སྐྱོན་དང་ནད་པ་བཟོས། ཁ་ཤ་གཟུགས་པོ་ལ་སྐྱོན་ཆེན་པོ་བཏང་ནས་སྡུག་བསྔལ་ཆེན་པོ་བྱུང་ཡོད་རེད། དེ་བཞིན་ཨ་མི་རི་ཀའི་ནང་མེ་འབར་ནས་གྲོང་ཚོ་མང་པོ་མེས་འཚིག་པ་དེ་འདྲ་འབྱུང་རེད། མེ་འདི་ཡིས་སེམས་ཅན་དུད་འགྲོ་མང་པོ་བསད་འདུག བྱ་བྱིའུ་དེ་འདྲ་མང་པོ་མེས་འཚིག རི་བོང་ལ་སོགས་རི་དྭགས་དང་འབུ་སྲིན་དཔེ་མེད་མང་པོ་མེས་འཚིག་ནས་སྡུག་བསྔལ་ཆེན་པོ་བྱུང་ཡོད་ས་རེད། ད་ཡང་ཨུ་རུ་སུ་དང་ཡུཀ་ཀེརན་གྱི་དམག་ཡུན་རིང་པོ་སོང་ནས་དེའི་དོན་ལ་མི་མང་པོ་བསད་སོང་བ་རེད། དོན་དག་གང་ཡང་མེད་པའི་སྡུག་བསྔལ་རེད། དོན་དག་མེད་པའི་ལས་ཀ་རེད། དམག་རྒྱབ་དུས་དུད་འགྲོ་མང་པོ་བསད། བྱ་བྱིའུ་དེ་འདྲ་རི་དྭགས་མང་པོ་བསད་ཡོད་ས་རེད། འཛམ་གླིང་གཞན་དག་ལ་མེད་པའི་སེམས་ཅན་མང་པོ་ཡུཀ་ཀེརན་ལ་ཡོད་རེད་ཟེར། དེ་འདྲ་མང་པོ་བསད་ཡོད་ས་རེད། ཡང་འཛམ་བུ་གླིང་གི་ཡུལ་ཕྱོགས་གང་སར་སྔར་མ་གྲགས་པའི་ནད་ཡམས་ཁྱད་མཚར་དེ་འདྲ་བྱུང་ནས་ཐོག་རྒྱག་ཏུ་མི་མང་པོ་ཤི་འདུག དེ་བཞིན་ཆུའི་འཇིག་པ་རླུང་གི་འཇིག་པ། ས་ཡི་འཇིག་པ་ཡིན་ན་ཡང་ག་བ་ག་སར་བྱུང་སྡོད་ཡོད་རེད། འཇིག་པ་ཆེན་པོ་མང་པོ་འཕྲོད་ཡོང་གི་འདུག དེ་དག་གི་ཆེད་དུ་ལྟུང་བཤགས་དང་བཟང་སྤྱོད་སྨོན་ལམ་སྤྱོད་འཇུག་སྨོན་ལམ་གསུང་རོགས་གནང་། ནད་པ་ཚོའི་ཆེད་དུ་སངས་རྒྱས་སྨན་བླའི་གཟུངས་དང་སྒྲོལ་མ་གསུང་རོགས་ཞུ།
སྒྲ་ཕབ་པ་བསོད་ནམས་སྟོབས་རྒྱལ།

2025.02.03 Gyaltsab Rinpoche Teaching Part 2
༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་ཆེན་པོ་མཆོག་གི་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པ།

༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་ཆེན་པོ་མཆོག་གི་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པ།

བཀའ་ཆོས་གསུང་པ་པོ། ༧དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག
གསུང་གནས། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གསུང་ཆོས་རྭ་བ།
གསུང་དུས། སྤྱི་ལོ་༢༠༢༥ ཟླ་བ་༢ ཚེས་༢ ཉིན། ཉིན་གཉིས་པའི་ཆོས་ཐུན་དང་པོ།
གསུང་ཡུལ། ཀཾ་ཚང་དགོན་པ་དང་བཙུན་དགོན་ཁག་གི་མཆོག་སྤྲུལ་མཁན་སློབ་གྲྭ་བཙུན་དང་འཛམ་གླིང་ཕྱོགས་མཐའ་ཀུན་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཁྲི་ལ་ཉེེ་བ་རྣམས།

གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་སྙན་པའི་དབྱངས་སྒྲ་འུར་འུར་རུ་གྱེར་ནས། སངས་རྒྱས་ཆོས་ཚོགས་མའི་སྐྱབས་འགྲོ་སེམས་བསྐྱེད་སོགས་གནང་རྗེས། ༧སྐྱབས་རྗེ་རྒྱལ་ཚབ་རིན་པོ་མཆོག་གིས། དེ་ལ་དེ་རིང་སྐབས་སུ་རྒྱལ་དབང་ཀརྨ་པ་ད་གཟོད་ཉེ་ཆར་ང་དངོས་སུ་མཇལ་སོང་། དེ་ནས་ང་ལ་བཀའ་གནང་ནས་སྐུ་གསུམ་ངོ་སྤྲོད་ཞིག་བཤད་ཤོག་གསུངས་ནས་བཀའ་ཕེབས་སོང་། ད་ངས་སྐུ་གསུམ་ངོ་སྤྲོད་མདོར་བསྡུས་ཤིག་བཤད་པའི་ཁུལ་བྱེད་ཀྱི་ཡོད། དེ་ནས་འདིའི་སྐབས་སུ་དུས་ཚོད་དེ་ཡང་སྔ་དྲོའི་ཆ་ལ་ཡང་བཤད་། དགོང་དག་ཡང་བཤད་ཡ། དེ་འདྲའི་བྱས་ནས་མཛད་རིམ་བསྒྲིགས་པ་རེད། ཡིན་ན་ང་ལོ་གཉིས་གོང་ནས་ང་གཟུགས་པོ་མ་བདེ་བ་ན་ནས་ཕྱི་རྒྱལ་ལ་སྨན་བཅོས་བྱས་ནས་ལོ་གཉིས་བསྡད་དགོས་བྱུང་།

༡ དངོས་སུ་གསུང་ཆོས་དབུ་ཚུགས་པ།
དུས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་དཔལ་རྒྱལ་བ་སངས་རྒྱས་ཀརྨ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆི་བྱིན་གྱིས་བརླབས་པར་མཛད་དུ་གསོལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེ་ཡི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་སྔོན་དུ་མཛད་ནས་གསན་པར་ཞུ།
དེ་ལ་གང་གསན་པར་བྱའི་ཆོས་ནི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་ཡོངས་སུ་གྲགས་པའི་སྐུ་གསུམ་ངོ་སྤྲོད་ཀྱི་ཆོས་ཚུལ་མདོར་བསྡུས་པ་ཙམ་ཞིག་ཞུ་ཡ་ཡིན། དེ་སྐུ་གསུམ་ངོ་སྤྲོད་ཀྱི་དོན་དག་དེ་ཐོག་མ་ཉིད་ནས་ཆོས་སྐུ་རྡོ་རྗེ་འཆང་ནས་བྱས་མར་རྒྱ་གར་གྱི་གྲུབ་ཐོབ་རྣམས་མར་བརྒྱུད་ཡོང་པ་རེད། དེ་ཡང་ཐོག་མ་མེད་པའི་དུས་ཀྱི་སངས་རྒྱས། གདོད་མའི་སངས་རྒྱས། གདོད་མའི་སངས་རྒྱས་ཀྱི་ཐུགས་ཀྱི་ཀློང་ལ་སྐུ་གསུམ་ངོ་སྤྲོད་འདི་ལ་སོགས་པའི་གདམས་ངག་བསམ་གྱིས་མི་ཁྱབ་པར་གྲངས་དང་ཚད་མེད་པ་དཔག་ཏུ་མེད་པ་མང་པོ་ཡོད་རེད། དེ་ལ་སོགས་པ་རང་བཞིན་གྱི་ཡོད་རེད། དེ་ཡང་རང་ཚོས་རྒྱུད་སྡེ་ཆོ་ག་དེ་ཚོ་འདོན་པའི་སྐབས་སུ། སངས་རྒྱས་བསྟན་པའི་སྔར་སངས་རྒྱས། དེ་ལ་ཡེ་གདོད་མ་ནས་སངས་རྒྱས་གཞན་དག་གཅིག་ཀྱང་མ་བྱུང་པའི་གོང་ནས་གདོད་ནས་བཞུགས་པའི་སངས་རྒྱས་བཞུགས་ཡོད་གསུངས་པ་རེད། དེ་ལྟ་བུ་རྫོགས་པའི་སངས་རྒྱས་གདོད་མ་ནས་ཡོད་པ་དང་། གདམས་ངག་ཐམས་ཅད་ཀྱང་གདོད་མའི་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ལ་ཡོད་པ་དེ། ད་ང་རང་ཚོ་རྩོད་པའི་དུས་ལ་སྐྱེས་པའི་མི་ཤེས་རབ་དམན་པའམ། བརྩོན་འགྲུས་དམན་པ་རྣམས་ཀྱིས་མངོན་སུམ་གྱིས་དེ་ག་བ་ཤེས་ཐུབ། མངོན་སུམ་གྱིས་ཤེས་ཐུབ་ཀྱི་མ་རེད། མངོན་སུམ་མི་དགོས་རྗེས་དཔག་གིས་ཀྱང་མཇལ་ཐུབ་ཀྱི་མ་རེད་ཤེས་ཐུབ་ཀྱི་མ་རེད། ད་ཡིན་ན་ཡང་ཡིད་ཆེས་པའི་ལུང་ལ་བརྟེན་ནས་ཤེས་ཐུབ་ཡ་ཡོད་རེད། ཡིད་ཆེས་པས་ཤེས་ཡ་ཡོད་རེད། དེ་ཡང་གདོད་མའི་སངས་རྒྱས་ཟེར་བ་དེ་གདོད་ནས་མ་འཁྲུལ་པར་བཞུགས་པ་ཟེར། འཁྲུལ་མ་མྱོང་ནས་བཞུགས་པ། གདོད་མའི་སངས་རྒྱས་བཞུགས་ཡོད་རེད། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། སངས་རྒྱས་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་སུ་བཞུགས་ཡོད་རེད། དེ་ཐམས་ཅད་ཀྱི་བདག་ཉིད་དམ་རང་བཞིན་གྱི་ཚུལ་དུ་བཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་བཞུགས་པ་རེད། དེ་ཡང་རྒྱུད་རྣམས་ལས། དང་པོའི་སངས་རྒྱས། དེ་རྒྱུ་སྔོན་དུ་སོང་བ་མ་ཡིན་པ་ལ་བརྟེན་ནས་སངས་རྒྱས་པ་ཡིན་དུས། དེ་ལ་ཚད་མེད་བཞི་དང་ཕར་ཕྱིན་དྲུག་ལ་སོགས་པའི་རྒྱུ་ཐམས་ཅད་གདོད་མའི་སངས་རྒྱས་ཀྱི་དབྱིངས་དེ་ལ་ཚང་བསྡད་ཡོད་རེད། ཆོས་ཀྱི་སྐུ་ཡི་དབྱིངས་དུ་ཚང་བསྡད་ཡོད་རེད། དེས་ན། ཐེག་པ་ཆེན་པོའི་སངས་རྒྱས་ཐོབ་པའི་ཐབས་ས་བཅུ་ལམ་ལྔ་སྔོན་དུ་འགྲོ་དགོས་ཀྱི་ཡོད་རེད། དེ་ཐམས་ཅད་ཀྱང་སངས་རྒྱས་ཆོས་ཀྱི་སྐུ་ཡི་ཀློང་དུ་རྒྱུ་དང་འབྲས་བུ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་ཡོད་རེད། གདོད་ནས་གཉིས་སུ་མེད་པའི་ཚུལ་དུ་ཚང་སོང་བ་རེད། གསར་དུ་བཅོས་དགོས་པ། འཇུག་དགོས་པ་ཡོད་མ་རེད། དེ་ལ་ང་རང་ཚོ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གློ་བུར་དྲི་མ་ཉོན་མོངས་ལ་སོགས་པ་ཐམས་ཅད་ཀྱིས་སྒྱུ་མ་དང་རྨི་ལམ་ལྟ་བུ་འཁྲུལ་འགྲོ་ཡི་ཡོད་རེད། འཁྲུལ་པ་ཡིན་དུས། བདེན་པའི་གནས་ལུགས་ཆོས་ཀྱི་དབྱིངས། དོན་དམ་པའི་གནས་ལུགས་ཡོད་ཚད་ལ་འཁྲུལ་པས་ཁྱབ་ཡོད་མ་རེད། བདེན་པའི་གནས་ལུགས་ཡིན་ནས་བཟུང་ཁྱབ་ཐུབ་ཀྱི་ཡོད་མ་རེད། འཁྲུལ་པ་དང་མ་འཁྲུལ་ཤེས་པའི་ཆ་འགལ་དུ་ཡོད་རེད། དེ་ལྟ་བུ་གདོད་མའི་སངས་རྒྱས་དེ་ཡང་སྐུ་ཡི་རྣམ་པ། རྣམ་པར་སྣང་མཛད་གངས་ཅན་མཚོ། རྣམ་པ་སྣང་མཛད་གངས་ཅན་མཚོ་ཞིང་ཁམས་ཐམས་ཅད་ཀྱི་ཁྱབ་ནས་བཞུགས་བསྡད་ཡོད་རེད་བ། རྣམ་སྣང་གངས་ཅན་མཚོའི་རྣམ་པ་ལ་སྣང་ནས་ཡོད་རེད། རྣམ་སྣང་གངས་ཅན་མཚོའི་སྐུ་དེ་ཡང་རིགས་ལྔ་ཡི་སྒོ་ནས་རིགས་ལྔ་ཡི་ཚུལ་དུ་བཞུགས་ཡོད་རེད། རིགས་ལྔ་ལ་ཡང་ནང་གསེས་ཀྱི་རིགས་འདྲ་མི་འདྲ་མང་པོ་རྣམ་སྣང་གངས་ཅན་མཚོའི་སྐུ་ལ་གྲངས་དང་ཚད་བཟུང་ཀྱི་ཡོད་མ་རེད། གདོད་ནས་རིགས་ལྔའི་སངས་རྒྱས་རྣམས་དུས་རྟག་ཏུ་ཆོས་མི་གསུང་པའི་གོ་སྐབས་གཏན་ནས་མེད་པ་རེད། དུས་རྟག་ཏུ་ཆོས་གསུང་བཞིན་དུ་བཞུགས་ཡོད་རེད། ཆོས་གསུང་པའི་སྐབས་སུ་ཡང་ཆོས་དེ་རྫོགས་པའི་སངས་རྒྱས་རང་ཉིད་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་དེ་གསུང་ཀྱིན་ཡོད་རེད། ཆོས་དང་སངས་རྒྱས་གཉིས་ཐ་དད་དུ་ཡོད་མ་རེད། རང་གི་རང་བཞིན་གང་ཡིན་པ་དེ་བསྟན་པའི་སྒོ་ནས་གསུང་ཀྱིན་ཡོད་རེད། དོན་དམ་པར་ཆོས་ཐ་དད་མེད་པའི་སྐུ་སྣང་ཡོང་དུས། འཁོར་རྣམས་ཀྱང་རྒྱལ་བ་རང་ཉིད་དང་ཐུགས་རྒྱུད་ཐ་དད་དུ་མེད་པ། མི་རྟག་པའི་སྐབས་ནང་བཞིན་ཆོས་བཤད་མཁན་དེ་ང་བྱེད། ཆོས་བཤད་ས་དེ་ཁོ་རང་ཚོ་ཕར་བྱེད། ང་དང་ཁྱོད་ཀྱི་དབྱེ་བ་ཕྱེ་ནས་སྡོད་ཡོད་རེད་བ། དེ་ལྟ་བུ་མེད་པ། རང་དང་ཐ་མི་དད་པའི་འཁོར་རྣམས་ལ་བསྟན་ནས་སྡོད་ཡོད་རེད། དེ་ཡང་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དབྱངས། སྤྱན་རས་གཟིགས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་གྲངས་མེད་པ་བཞུགས་ཡོད་རེད། དེ་ཐམས་ཅད་ཀྱང་དོད་དམ་ལ་སྟོན་པ་དང་འཁོར་ཐ་དད་མི་དད་པའི་ཚུལ་གསུངས་ཡོད་རེད། དེ་ཙམ་མ་ཟད། སྔོན་རྒྱ་གར་འཕགས་པའི་ཡུལ་འདི་ལ། ས་ར་ཧ་དང་ཏེ་ལོ་པ། མགོན་པོ་ཀླུ་སྒྲུབ། མེ་ཏྲི་པ་ལ་སོགས་པ་གྲུབ་ཐོབ་ཆེན་པོ་དཔེ་མང་པོ་ཡོད་རེད། དེ་ཚོ་ཡང་སྟོན་པ་ལས་དགོངས་པ་ཐ་མི་དད་པའི་ཚུལ་དུ་བཞུགས་ཡོད་རེད། དེ་ལྟ་བུ་ཡིན་པ་ཡང་། རྒྱུད་ནས་དངོས་སུ་གསུང་ཡོད་རེད། རྒྱུད་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །འཁོར་གྱི་ཚོགས་ལྡན་ཉན་པོ་ང་། །འཆད་པ་པོ་ཡང་ང་ཡིན་ཆོས་ཀྱང་ང་ཡིན། འཁོར་གྱི་ཚོགས་ཀྱང་ང་ཡིན། འདིར་ང་དེ་གནས་ལུགས་ཆོས་ཀྱི་སྐུ་དེ་ལ། ང་ཞེས་ང་རང་ཚོ་མ་དག་པའི་ངོ་ལ་ཐ་སྙད་བཏགས་བཞག་པ་རེད། དོན་དངོས་སུ་ང་ཡང་ཡོད་མ་རེད། གནས་ལུགས་དེ་ལ་གསུངས་པ་རེད། ཉན་པོ་ང་ཞེས་གསུངས་པ་རེད། དེ་ལྟ་བུ་ཟབ་མོའི་དོན་དེ་མངོན་སུམ་གྱིས་མ་ཡིན་པ། ཡིད་ཆེས་པའི་ལུང་གི་སྒོ་ནས་ཤེས་ཀྱི་རེད། དེ་ཡང་ང་རང་ཚོ་མ་དག་པའི་སྐབས་སུ་ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་ཡོད་མ་རེད། དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མའི་ནང་དུ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། གསུངས་རེད་བ། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་དུ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དེ་དང་། སེམས་ཅན་མ་དག་པའི་རྒྱུད་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ལ་དབྱེ་བ་ཡོད་མ་རེད། དེ་ལ་བཟང་ངན་གྱི་དབྱེ་བ་ཕྱེ་ཡ་ཡོད་མ་རེད། རྒྱ་ཆེ་ཆུང་གི་དབྱེ་བ་ཕྱེ་ཡ་ཡོད་མ་རེད། གནས་ལུགས་ཀྱི་དོན་ལ་སྒྲིབ་པས་གོས་ནས་སེམས་ཅན་རྒྱུད་ལ་ཡོད་པའི་ཆོས་ཉིད་དེ་བཞིན་ཉིད་དེ་བཙོག་པ་རེད་སོང་བ་དང་སངས་རྒྱས་རྒྱུད་ཀྱི་ཆོས་ཉིད་དེ་བཞིན་དེ་སྒྲིབ་པས་མ་གོས་པར་གཙང་མ་རེད་བསྡད་པ་ཡོད་མ་རེད། སྒྲིབ་པས་གོས་མ་གོས་ཀྱི་དབྱེ་བ་ཡོད་མ་རེད། མ་དག་པའི་གནས་སྐབས་ལ་ཡང་ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་ན། དེ་དག་ནས་མངོན་དུ་གྱུར་སོང་བ་རེད། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། དེ་ནས་རྒྱ་གར་གྱི་གྲུབ་ཐོབ་ས་ར་ཧ་དང་ཏེ་ལོ་པ་སོགས་པ་རྣམས་ལ་སྒྲིབ་པ་དེ་དག་སོང་བ་རེད། དག་སོང་བ་རྣམས་ལ་དེ་བས་ཀྱང་དབྱེ་བ་ཕྱེ་ཡ་ཡོང་གི་མ་རེད་བ། མངོན་དུ་གྱུར་སོང་བ་རེད། མ་དག་པ་རྣམས་ལ་དབྱེར་མེད་པ་རེད་དེ། མངོན་དུ་མ་གྱུར་པ་རེད། མཐོང་གི་ཡོད་མ་རེད། མ་རིག་པའི་སྒྲིབ་པས་བསྒྲིབས་ནས། དེ་དག་ལ་སྒྲིབ་པ་དག་སོང་པ་ཡིན་དུས། མངོན་དུ་གྱུར་སོང་པ་རེད་བ། ད་སྟོན་པ་དང་སྟོན་པའི་འཁོར་རྣམས་ཀྱིས་ཞུས་ཚུལ་དེ་ལྟ་བུ་ཞིག་བཤད་ཟིན་པ་ཡིན།

༢ བྱེ་བྲག་སྐུ་གསུམ་ངོ་སྤྲོད་བྱུང་བའི་ཚུལ་བཤད་པ། དེ་འདི་ལ་བྱེ་བྲག་སྐུ་གསུམ་ངོ་སྤྲོད་བྱུང་བའི་ཚུལ་བཤད་ཀྱི་ཡིན། དེ་ལ་དང་པོ་སྟོན་པ་རྡོ་རྗེ་འཆང་གི་དགོངས་པ་དེ། ང་ཚོས་བསམ་པ་དང་འདྲ་གི་ཡོད་མ་རེད། སྟོན་པ་རྡོ་རྗེ་འཆང་གིས་སྐད་ཅིག་གཅིག་གིས་ལྟས་པ་ཙམ་གྱིས་དམ་པའི་ཆོས་རྒྱ་བ་ཆེ་བ་དཔག་ཏུ་མེད་པ་སྟོན་གནང་ཐུབ་ཀྱི་ཡོད་རེད། སྐད་ཅིག་གཅིག་གི་ནང་ལ་གསུང་ཐུབ་ཀྱི་ཡོད་རེད། ང་རང་ཚོས་དབང་བསྐུར་བ་དང་ཆོས་བཤད་པའི་སྐབས་སུ་དོན་རེ་རེ་ལ་ཚིག་མང་པོའི་སྒོ་ནས་ཆོས་དེ་བཤད་ན་མ་གཏོགས་ཆོས་སྟོན་ཐུབ་ཀྱི་མ་རེད། སྟོན་ཤེས་ཀྱི་མ་རེད། དེ་ལྟ་བུའི་རྩོལ་བ་དེ་ཉིད་སྟོན་པ་རྡོ་རྗེ་འཆང་ལ་ཡོད་མ་རེད། སྐད་ཅིག་གཅིག་གིས་ལྟས་པས་ཀྱང་རྩོལ་བ་རྩ་ནས་མེད་པ་ལ་ཆོས་རྩ་ཆེན་པོ་སྟོན་གནང་གི་ཡོད་རེད། རྩོལ་བ་མེད་པ་གནང་གི་ཡོད་རེད། དེ་ལྟ་བུ་བསྟན་མེད་པའི་ཚུལ་དེ་རྒྱུད་ཀྱི་གླེང་གཞི་ནང་ལ་གསུངས་ཡོད་རེད། གླེང་གཞི་རེ་རེ་ནང་ལ་སྐད་ཅིག་རེ་རེ་ལ་ཡང་རྒྱུད་པོ་ཏི་མང་པོ་གསུངས་ཡོད་རེད། དགོངས་པ་གཏད་པ་ཙམ་གྱིས་འཁོར་ཚོགས་ཀྱིས་གོ་ཐུབ་ཀྱི་ཡོད་རེད། ཚིག་མང་པོ་ཡོད་མ་རེད། དོན་རྒྱ་ཆེན་པོ་དེ་འདྲ་གོ་ཐུབ་པ་གསུང་ཡོད་རེད། དེ་ལྟ་བུ་ཡིན་དུས་རྡོ་རྗེ་འཆང་གིས་ཏེ་ལོ་པ་དང་། ཕྱག་ན་རྡོ་རྗེ། ས་ར་ཧ་ལ་སོགས་པ་ལ་དགོངས་པ་སྐད་ཅིག་རེ་རེ་ལ་ཆོས་གསུང་། སྐུ་གསུམ་ངོ་སྤྲོད་འདི་ལ་སོགས་པའི་དོན་རྒྱ་ཆེན་པོ་མང་པོ་བསྟན་ཡོད་རེད། རྡོ་རྗེ་འཆང་གིས་ཏེ་ལོ་པ་ལ་ཆོས་མང་པོ་སྟོན་པའི་ནང་ལ་ཡོད་རེད། ཆོས་ཐམས་ཅད་མི་བརྗེད་པའི་གཟུངས་ཆེན་པོ་ཐུབ་པའི་པན་ཆེན་ན་རོ་པ་ལ་སོགས་པའི་ཐུགས་རྒྱུད་ལ་ཡང་འདི་ལྟ་བུ་དགོངས་པ་ཡོད་རེད། དེ་ནས་པན་ཆེན་ན་རོ་པ་ཆེན་པོ་སྐུ་གསུམ་གྱི་དགོངས་པ་མངོན་དུ་གྱུར་ནས། དུས་རྟག་ཏུ་ཏིང་ངེ་འཛིན་ལ་བཞུགས་བསྡད་ཡོད་རེད་བ། ཏིང་ངེ་འཛིན་ལ་བཞུགས་བསྡད་པའི་དྲུང་དུ་བོད་ནས་མར་པ་ལོ་ཙཱ་ཕེབས་རེད་བ། མར་པ་ལོ་ཙཱ། ན་རོ་པའི་སྐུ་མདུན་དུ་ཆོས་ཞུ་ཀ་ཕེབས་རེད། མར་པ་ལོ་ཙཱ་བ་ན་རོ་པའི་སྐུ་མདུན་དུ་བཞུགས་བསྡད་དུས། ན་རོ་པ་ལ་སྐུ་གསུམ་མངོན་དུ་གྱུར་པ་དེ་མར་པ་ལོ་ཙཱའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་དང་དབྱེ་བ་ཕྱེ་ཡ་ཡོད་མ་རེད། དོན་དམ་པའི་གནས་ལུགས་ལ་དབྱེ་བ་མེད་པ་གཉིས་ལ་མངོན་དུ་གྱུར་ཡོད་རེད། མར་པ་ལོ་ཙཱ་ལ་དེ་ལྟ་བུ་མངོན་དུ་གྱུར་ཡོད་རེད། མངོན་དུ་གྱུར་པ་ལ་བརྟེན་ནས་སྐུ་གསུམ་གྱི་དོན་མར་པ་ལོ་ཙཱས་རྟོགས་པར་མཛད་པ་རེད། དེ་ནས་མར་པ་ལོ་ཙཱའི་དྲུང་དུ་རྗེ་བཙུན་མི་ལ་རས་པ་ཕེབས། རྗེ་བཙུན་མི་རས་པ་ལ། མར་པ་ལོ་ཙཱ་བས་དབང་དང་གདམས་ངག་མང་པོ་གནང་ཡོང་བའི་སྐབས་སུ། མི་ལ་རས་པའི་སྐུ་གསུང་ཐུགས་དེ་རྡོ་རྗེ་བཞི་སྐུ་བཞི། སྐུ་གསུམ་དེ་ཐམས་ཅད་མར་པ་ལོ་ཙཱས་དགོངས་པ་གཏད་པ་ཙམ་གྱིས་མངོན་དུ་གྱུར་ནས་ཐུགས་ཀྱི་དགོངས་པ་དབྱེར་མ་མཆིས་པའི་སྒོ་ནས་མངོན་དུ་གྱུར་པ་རེད། ད་མི་ལ་རས་པས་དྭགས་པོ་ཟླ་འོད་གཞོན་ནུ་ལ་དབང་དང་གདམས་ངག་མང་པོ་གནང་བ་རེད། དེ་གནང་བའི་སྐབས་སུ་ཐུན་མོང་མ་ཡིན་པའི་ཁྱད་པར་སྐུ་བཞི་དང་། སྐུ་གསུམ་གྱི་གདམས་ངག་ཐུགས་དགོངས་པ་གཏད་པ་ཙམ་གྱིས་ཀྱང་ཐུན་མོང་མ་ཡིན་པ་བཞེད་པ་དེ་ཐུགས་རྒྱུད་ལ་སྐྱེ་བ་རེད། དྭགས་པོ་ཟླ་འོད་གཞོན་ནུ་དྲུང་དུ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་ཆོས་ཞུས། དབང་ཞུས། གདམས་ངག་མང་པོ་ཞུས་པའི་སྐབས་སུ། དུས་གསུམ་མཁྱེན་པའི་ཐུགས་ཀྱི་རང་བྱུང་གི་ཡེ་ཤེས་གནས་ལུགས་དེ་ཡར་མངོན་དུ་གྱུར་ཡོང་དུས། དྭགས་པོ་ལྷ་རྗེའི་ཐུགས་རྒྱུད་ལ་ཡོད་པའི་སྐུ་བཞི་དང་། སྐུ་གསུམ་དང་རྡོ་རྗེའི་ཡེ་ཤེས་དེ་ཐམས་ཅད་དུས་གསུམ་མཁྱེན་པའི་ཐུགས་རྒྱུད་ལ་དེ་ལྟར་དུ་འཇལ་ནས་བསྟན་པར་མཛད་པ་རེད། དུས་གསུམ་མཁྱེན་པའི་ཐུགས་རྒྱུད་ཀྱི་རང་བྱུང་ཡེ་ཤེས་མངོན་དུ་གྱུར་པ་དེ། འགྲོ་མགོན་རས་པ་ཆེན་པོ་ལ་སྐུ་བཞི། སྐུ་གསུམ་དང་དབྱེར་མེད་པ། རྡོ་རྗེ་ཡེ་ཤེས་དང་དབྱེར་མེད་པ་ཐུགས་ཀྱི་ཁོངས་སུ་ཡོད་པ་དེ་རྟོགས་པར་བྱས་པ་རེད། འགྲོ་མགོན་རས་པ་ཆེན་པོའི་དྲུང་དུ་རྒྱལ་སྲས་སྤོམ་བྲག་པ་ཆེན་པོ་ལ། འགྲོ་མགོན་རས་པ་ཆེན་པོའི་ཐུགས་རྒྱུད་ཀྱི་སྐུ་གསུམ། སྐུ་བཞི་དབྱེར་མེད་པ་དེ་དང་རྒྱལ་སྲས་སྤོམ་བྲག་པ་ཆེན་པོའི་ཐུགས་རྒྱུད་ཀྱི་རྟོགས་པ་དེ་དབྱེར་ཕྱེ་ཡ་མེད་ཡོང་དུས། ཆུ་ལ་ཆུ་བཞག་པ་བཞིན་འདྲེས་ནས་དགོངས་པ་དབྱེར་མེད་པའི་དོན་མངོན་དུ་མཛད་པ་རེད། སྤོམ་བྲག་པའི་དྲུང་ནས་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་ཡིས་དམ་པའི་ཆོས་མང་པོ་གསན། གདམས་ངག་མང་པོ་གསན་ནས་བཞུགས་པ་རེད། དེ་ཡང་ཀརྨ་པཀྴི་དེ་བསྐལ་པ་གྲངས་མེད་པའི་གོང་ནས་སངས་རྒྱས་ཀྱི་སྐུ་ལྔ་སྐུ་གསུམ་སྐུ་བཞི་དེ་དག་ཐམས་ཅད་བསྐལ་པ་གྲངས་མེད་མང་པོའི་གོང་ནས་གདོད་མའི་སངས་རྒྱས་དང་དབྱེ་བ་མེད་པ་རེད། དང་པོའི་སངས་རྒྱས་དང་དབྱེ་བ་མེད་པ་རེད། ཡིན་ན་ཡང་ཞིང་འདི་ལ་བྱོན་ནས་སྤོམ་བྲག་པའི་དྲུང་ནས་ཆོས་གསན་ནས་སླར་ཡང་སངས་རྒྱས་གོ་འཕང་བརྙེས་པའི་ཚུལ་གདུལ་བྱའི་ངོ་ལ་བསྟན་པར་མཛད་པ་རེད། བཞེེངས་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་སོགས་མཛད་ནས་གདུལ་བྱའི་ངོ་ལ་སྟོན་པ་རེད། དེ་ཡང་སངས་རྒྱས་ཀྱི་བཀའ་ཡི་ནང་ལ། ཡང་དག་རྫོགས་སངས་སྔར་སངས་རྒྱས། ། སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། ། གསུངས་པ། རྫོགས་པའི་སྔར་ནས་སངས་རྒྱས་པ་རེད་ལ། ཡང་འདི་ལ་བསྐྱར་དུ་གདུལ་བྱ་གདུལ་བའི་དོན་དུ་སངས་རྒྱས་གོ་འཕང་སླར་ཡང་གསར་དུ་གོ་འཕང་ཐོབ་པའི་ཚུལ་བསྟན་པར་མཛད་པ་རེད། འདིར་སངས་རྒྱས་གསུངས་པ་དེ་དང་མཐུན་པ་རེད། དེ་ཡང་ཀརྨ་པཀྴི་ཡི་གདོད་མའི་སངས་རྒྱས་དེ་དང་ཕྱག་ན་རྡོ་རྗེ། འཇམ་དཔལ་དབྱངས་ལ་སོགས་པས་དགོངས་པ་མངོན་དུ་གྱུར་པ་དེ་དང་དབྱེར་མེད་པ་རེད། གདོད་ནས་བསྐལ་པ་མང་པོའི་གོང་ནས་སྐུ་གསུམ་ངོ་སྤྲོད་མངོན་དུ་གྱུར་པ་རེད། རེད་ད། ད་ལྟ་འདི་ལ་སྤོམ་བྲག་པའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཕོས་ནས་མངོན་དུ་གྱུར་པའི་ཚུལ་སྟོན་པ་རེད། དེ་ལ་སྤྱི་ལ་སྐུ་གསུམ་ངོ་སྤྲོད་པ་དེ་དབང་དང་གདམས་ངག་ཐམས་ཅད་སྐུ་གསུམ་ངོ་སྤྲོད་པ་རེད། དབང་བསྐུར་ཡོང་དུས་ཆོས་སྐུ་ལོངས་སྐུ། ངོ་བོ་ཉིད་སྐུ་དེ་ཚོའི་དོན་རྟོགས་པར་བྱེད་པ་རེད། དཔག་ཏུ་མེད་པོ་མང་པོ་ཡོད་རེད། དེ་ཐམས་ཅད་ནང་ནས་གཞན་དང་མ་འདྲ་བ་སྙིང་པོར་གྱུར་པ་དེ་ཚུར་ཕྱུང་ཡོང་བ་དེ་ཀརྨ་པཀྴི་ཡིས་རྩལ་དུ་བཏོན་ནས་ཕྱུང་ཡོང་བ་རེད། དེ་ལྟ་བུ་ཀརྨ་པཀྴི་ཡིས་ཕྱུང་བར་མཛད་ནས། ད་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་འདི། དབང་དང་གདམས་ངག་གཞན་ལས་ཀྱང་འབྲས་བུ་མྱུར་དུ་ཐོབ་པར་བྱེད་པ་ལ་གཞན་དང་མི་མཉམ་པ་ཡིན་གསུངས་པ་རེད། སྐུ་གསུམ་ངོ་སྤྲོད་འདི་ཡང་འབྲས་བུ་མངོན་དུ་བྱེད་པ་དང་གདམས་ངག་གཞན་དང་མི་འདྲ་བ་གདམས་ངག་གི་གནད་ཉུང་ཉུང་ཞིག་གི་གདམས་ངག་གི་གནད་ཐམས་ཅད་ཀྱང་ཤུགས་ཀྱིས་ཤེས་འགྲོ་ཡི་རེད། དེ་ནས་གཞན་དང་མི་འདྲ་བ་ཁྱད་པར་ཅན་ཡིན་གསུངས་པ་རེད། དེ་ནས་ཀརྨ་པཀྴི་ཡིས་དེ་ལྟ་བུ་རྩལ་ནས་ཕྱུང་ནས། དེ་ནས་ཁོང་གི་སློབ་མ་ཐུན་མོང་མ་ཡིན་པ་ཨོ་རྒྱན་པ་དང་གཉན་རས་དགེ་འདུན་འབུམ་སོགས་པ་ཁ་ཤས་ཅིག་ལ་སྙན་བརྒྱུད་ཀྱི་ཚུལ་དུ་གསུངས་པར་མཛད་པ་རེད། དེའི་རྗེས་ལ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ཡུམ་གྱི་མངལ་ནས་འཁྲུངས་ཡོང་དུས་ནས་སྔར་ཀརྨ་པཀྴི་ཡི་གསན་པའི་ཆོས་ཐམས་ཅད་མ་བརྗེད་ནས་བཞུགས་བཞིན་དུ་འཁྲུངས་ནས། འཁྲུངས་མ་ཐག་ཏུ་ཆོས་གསུང་ཐུབ་པ་བྱུང་བ་རེད། མངའ་གྱི་དྲི་མས་མ་གོས་པ། དེ་ལྟ་བུ་གསུང་ནས་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་པ་ཡང་ཡུམ་གྱི་མངལ་དུ་ཡང་མ་བརྗེད་པ་བཞུགས་ཡོད་གསུངས་པ་རེད། དེ་ནས་ཁོང་གི་མཁས་གྲུབ་ཨོ་རྒྱན་པ་ཡི་དྲུང་ནས་ཀྱང་གདམས་ངག་འདི་གསན། གཉན་རས་པའི་དྲུང་ནས་གདམས་ངག་འདི་ལྟ་བུ་གསན་ནས་སྐུ་གསུམ་ངོ་སྤྲོད་མངོན་དུ་གྱུར་ནས། ད་གདམས་ངག་འདིས་འགྲོ་དོན་བྱེད་པའི་དུས་ལ་འབབ་མཁྱེན་ནས། དེ་ནས་ཡིག་གེའི་གཟུགས་སུ་བྲིས་ནས་རྩལ་དུ་བཏོན་ནས་མཛད་པ་རེད།

༣ སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་དངོས་སུ་བཤད་པ། ད་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་དངོས་སུ་བཤད་ཡ་ཡིན། དེ་ལ་དང་པོ་གང་ཟག་བློ་དམན་པ་རྣམས་ལ་སྔོན་འགྲོའི་ཆོས་བཞི་བཤད། དུས་རྒྱུན་ང་རང་ཚོའི་སྔོན་འགྲོའི་ཆོས་དེ་དང་ཅུང་ཟད་མི་འདྲ་བ་ཞིག་གསུང་ཡོང་བ་རེད། དེ་ནས་གང་ཟག་དབང་པོ་འབྲིང་དུ་གྱུར་པ་རྣམས་ལ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ། ཆོས་ཐམས་ཅད་དང་གདམས་ངག་ཐམས་ཅད་གནད་བཞི་ཡི་སྒོ་ནས་གྲོལ་ཐུབ་པ་དང་གནད་བཞིའི་སྒོ་ནས་རྟོགས་ཐུབ་པའི་ཆོས་ཉིད་ཀྱི་འཁོར་ལོ་དེ་གསུངས་པ་རེད། གང་ཟག་དབང་པོ་རྣོ་པོ་རྣམས་ལ་སྐུ་གསུམ་ངོ་སྤྲོད་དངོས་སུ་སྟོན་པའི་གདམས་ངག་ཁ་ཐུག་ལ་གསུངས་པའི་གདམས་ངག་རིམ་པ་བཞིན་དུ་སྟོན་དགོས་རེད་གསུངས་པ་རེད། དེ་ལ་དང་པོ་སྐུ་གསུམ་ངོ་སྤྲོད་ཀྱི་གདམས་ངག་དེ་ཉམས་སུ་ལེན་པའི་སྐབས་སུ་དང་པོ་ཆོས་ལ་དད་པ་ཡག་པོ་ཡོད་པ། དམ་ཚིག་ཀྱང་ཡག་པོ་བསྲུང་ཐུབ་པ། བརྩོན་འགྲུས་ཡག་པོ་ཡོད་པ། ཚེ་ཕྱི་མའི་དོན་དུ་གཉེར་བ། སྐྱེ་བ་ཕྱི་མ་ཡི་བསམ་བློ་མ་གཏོགས། ཚེ་འདི་ལ་བདེ་པོ་རེད་ཡ། སྐྱིད་པོ་རེད་ཡ་ཡི་བསམ་བློ་མི་གཏོང་བ་རེད་དགོས་གསུངས་པ་རེད། དང་པོ་བླ་མའི་རྣལ་འབྱོར་བརྟེན་ནས་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པ་བྱེད་དེ་གཙོ་ཆེ་ཤོས་རེད་གསུངས་པ་རེད། དེ་ཡང་མོས་གུས་སྒོམ་གྱི་མགོ་བོ་གསུང་པ་བཞིན་གསུངས་པ་ནང་བཞིན། བླ་མ་ལ་མོས་གུས་ཡག་པོ་བྱེད་པ་དེ་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་གསུངས་པ་རེད། དེ་ཡང་སེམས་ཅན་ལུས་ལ་དཔེ་བཞག་ན་ལུས་ཀྱི་གཙོ་བོ་དེ་མགོ་རེད། མགོ་དེ་མེད་པ་རེད་སོང་ན། རྐང་པ་ལག་པ་ཡང་ལས་ཀ་ཡོད་མ་རེད། སྙིང་དང་གློ་བ་སོགས་པ་ཡིས་ཀྱང་ལས་ཀ་ལས་ཡ་ཡོད་མ་རེད། གང་ཡང་ཡོད་མ་རེད། དེ་ནས་བླ་མ་ལ་མོས་གུས་ཡག་པོ་ཡོད་ན། ཐོག་མར་སེམས་བསྐྱེད་དང་། དངོས་གཞི་ཞི་གནས་དང་ལྷག་མཐོང་། མཐའ་མ་བསྔོ་བ་དང་སྨོན་ལམ་ལ་སོགས་པའི་བྱ་བ་ཐམས་ཅད་ཀྱིས་བྱ་བ་ཡག་པོ་བྱེད་ཀྱི་རེད། དེ་ཡང་སྒོམ་པའི་དུས་སུ་དང་པོ་སྐྱབས་སུ་འགྲོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཉམས་སུ་ལེན་དགོས་རེད། འོ་ཡ་ད་ལྟ་ཚོགས་ཐེངས་ཤིག་གྲོལ་མཛད་ན་གསུངས་ནས་ཡིག་བརྒྱ་བཟླས་ནས་ཚོགས་ཐེངས་གྲོལ་མཛད། ཅེས་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པའི་སྔོན་འགྲོ་གསུང་ཆོས་ཉིན་གཉིས་པའི་སྔ་དྲོའི་གསུང་ཆོས་ཐོབ་པའི་སྐལ་བ་དང་ལྡན་པའི་དགའ་རྗེས་དང་སྦྲེལ་བཀའ་ཆོས་འདི་གོ་བདེ་ལ་གནད་ཆེ་བ་མཐོང་བས་ན་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་རྒྱལ་ལོ་བཀྲ་ཤིས་ཀྱིས་སྒྲ་ཕབ་བྱས་ཁུལ་ཡིན་པས་མ་དག་ལྷག་ཆད་སོགས་ཡོད་པར་ངེས་པས་མཁྱེན་པ་མཁའ་ལྟར་ཡངས་པའི་བཟོད་ལྡན་སྐྱེས་ཆེན་རྣམས་ལ་བཟོད་གསོལ་དང་མཐོལ་བཤགས་གྲངས་མེད་ཞུ། དགེའོ། དགེའོ། དགེའོ།

20250202_Teachings on pointing Out the Three Kayas
གནས་མཆོག་རྡོ་རྗེ་གདན་ལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་དབུ་ཚུགས་པ།

གནས་མཆོག་རྡོ་རྗེ་གདན་ལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་དབུ་ཚུགས་པ།

དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་གཅིག་ཏུ་བསྡུས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་སྲོག་ཤིང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་རྨད་བྱུང་གི་ཕྲིན་ལས། རླབས་ཆེན་གྱི་བཀའ་དགོངས་དང་། ཞིམ་མེད་ལྷག་བསམ་གངས་རི་དཀར་པོའི་དབུ་ཁྲིད་འོག་ལོ་ལྟར་བཞིན་བསྟན་འགྲོ་སྤྱི་ལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་བཞིན་ཡོད་པ་ལྟར། སྤྱི་ལོ་༢༠༢༥ཟླ་བ་ ༢ ཚེས་ ༡ ཉིན་ལ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་ཐེངས་སོ་དགུ་པའི་སྔོན་འགྲོའི་གསུང་ཆོས་༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་གསང་བདག་རྡོ་རྗེ་འཆང་༧དྲུང་གཽ་ཤྲཱི་ཆེན་པོ་མཆོག་གིས་ཀརྨ་ཀཾ་ཚང་གི་ཡི་དམ་གྱི་གཙོ་བོ་དཔལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་བསྡུས་པ་གནང་བའི་སྒོ་ནས་དབུ་འཛུགས་གནང། དེའི་དཀྱིལ་འཁོར་གྱི་རྭ་བའི་ཚོམས་ཆེན་གྱི་གཙོ་བོ་ནི། ༧སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་མཆོག་གཙོས་པའི་རྒྱལ་བལ་འབྲུག་གསུམ་དུ་གཉུག་མར་གནས་པའི་ཀཾ་ཚང་བཀའ་བརྒྱུད་ཀྱི་དགོན་པ་དང་བཙུན་དགོན་ལྔ་བཅུ་ལྷག་གི་མཆོག་གི་སྤྲུལ་པའི་སྐུ་རྣམ་པ། མཁན་པོ་དགེ་བའི་བཤེས་གཉེན། བླ་མ་སློབ་དཔོན་རྣམས་དབུ་བཞུགས་ཐོག་དགེ་འདུན་བཙུན་པ་བཙུན་མ་སྟོང་ཚོ་ལྔ་ལ་ཉེ་བ་དང་། གཞན་ཡང་སྐལ་བ་དང་ལྡན་པའི་འཛམ་གླིང་ཕྱོགས་མཐའ་ཀུན་ལ་གནས་པའི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གོང་འོག་གི་ཞལ་སློབ་རྣམས་དབུས་པའི་དད་དམ་འགྱུར་བ་མེད་པ་རྡོ་རྗེ་བཞིན་བརྟན་པའི་དད་ལྡན་ཆོས་ཞུ་བ་སྟོང་ཚོ་གསུམ་ལྷག་གི་འདུས་འཛོམས་ཆེན་པོ་གནང་ཡོད་ལ། དེའི་སྐབས་སུ་ཞལ་ལག་དང་། རྒྱ་སྨན། བོད་སྨན། སྐམ་ཁབ་སྨན་སྦྱིན་གནང་བཞིན་ཡོད་པ་དང། དེ་བཞིན་དུ་སྐལ་ལྡན་ཆོས་ཞུ་བ་རྣམས་ལ་ཧིན་སྐད། རྒྱ་སྐད། དབྱིན་སྐད་སོགས་སྐད་རིགས་བཅུ་གསུམ་ལྷག་གི་གསུང་ཆོས་སྐད་བསྒྱུར་སོགས་མཐུན་རྐྱེན་བསྐྲུན་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པ་དང་། ༧རྒྱལ་དབང་མཆོག་གི་གཞལ་མེད་ཀྱི་དགོངས་བཞེད་ལྟར་བྱམས་པ་དང་སྙིང་རྗེའི་ས་བོན་འཕེལ་ཏེ་འཛམ་གླིང་ཆེན་མོ་འདིར་ནད་མུག་འཁྲུགས་རྩོད་སོགས། མི་མཐུན་རྒུད་པའི་མིང་ཙམ་ཡང་མི་གྲགས་པར་རང་སར་ཞི་ནས་ཞི་བདེའི་བསིལ་རླུང་དལ་མོའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་དོན་དུ་དམིགས་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་སྣང་བརྙན་ལགས།

སྤྱི་ལོ་༢༠༢༥ ཟླ་བ་༢ ཚེས་༡ ཉིན་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་རྒྱལ་ལོ་བཀྲ་ཤིས་ནས།

2025.02.01 Pre-Monlam Teaching starts